དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-28 07:29:38   |   593

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ10ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ནེ་ཞི·མ་མའོ(塔内希·马茂)ལ་གློག་འཕྲིན་བཏང་ནས་ཁོང་ཅི་ལི་པ་སི(基里巴斯)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་པ་རེད།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་སྒོར་དུང་ཕྱུར་ཁྲི5ལས་བརྒལ་བའི་ཁེ་སྤོགས་ཐོབ་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པའི་ཟླ་མཇུག་བར་རྒན་གསོ་དང་། ལས་ཤོར། ལས་རྨས་སོགས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁག་གསུམ་གྱི་རིམ་རྩིས་བྱས་ན་ལྷག་འཕྲོ་སྒོར་དུང་ཕྱུར་ཁྲི8.8ཡོད་པ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

  • ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་གསུམ་པའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱི་སྐྱེལ་འདྲེན་བྱེད་ཚད་སྡོམ་འབོར་སྤྱི་ལེ་དུང་ཕྱུར403.5ཟིན་པ་དང་། དུས་མཚུངས་ལས19.8%འཕར་ནས་འགྲུལ་སྐྱེལ་ཟོག་འདྲེན་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི4.8གསར་དུ་སྒྱུར་བཀོད་བྱེད་མགོ་ཚུགས་པ་དེས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི89%བཟུང་ཡོད།

  • ཉེ་ཆར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཆིང་ཏའོ་དང་། ཧང་ཀྲོའུ། ཉིང་པོ། ཅི་ནན། ཁྲུང་ཆིང་། ཁྲེང་ཏུའུ་འགག་སྒོ་བཅས་སུ་དུས་གཅིག་ཏུ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སིལ་ཚོང་ནང་འདྲེན་གྱི་སྒོ་ཁྲལ་འགན་ལེན་འགན་བཅོལ་ཚོད་ལྟ་བྱས་པ་རེད།

1.png

  • རང་རྒྱལ་གྱི་མཚོ་ཐོག་ནུས་མང་ཚན་རིག་རྟོག་ཞིབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་གྲུ་གཟིངས་ཐོག་མ་སྟེ“འཚོལ་ཞིབ་ཨང་གསུམ་པ”ཆུ་སྤྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། བཀོལ་སྤྱོད་རང་བཞིན་དང་རིག་ནུས་ཅན་སོགས་ཚོད་ལྟའི་འབྲས་བུ་རིགས30ཚང་མ་ཚད་གཞི་ལོན་ཡོད་པ་རེད།

སྤྱི་ཚོགས།

  • ཚེས27ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས2024ལོའི་སྨན་བཅོས་འགན་བཅོལ་དཀར་ཆག་གི་ཡུལ་དངོས་གྲོས་མོལ་དང་འགྲན་རྩོད་ལས་དོན་སྤེལ་མགོ་བརྩམས་པ་དང་། སྤྱི་སྤྱོད་སྨན་རྫས162གྲོས་མོལ་དང་འགྲན་རྩོད་ནང་ཞུགས་པ་རེད།

  • སྐབས37པའི་ཀྲུང་གོའི་གློག་བརྙན་ཅིན་ཅི(金鸡)བྱ་དགའི་དཔྱད་བསྡུར་ཨུ་ལྷན་གྱི་མིང་འདོན་མིང་ཐོ་ཚེས27ཉིན་ཁྱབ་བསྒྲགས་བྱས་པ་དང་།《རུ་ཆེན་གསུམ》དང《ལོ་ཚོགས་མཚམས་འཇོག་མི་རུང་།》《དང་བླངས་དམག སྟོབས་ལྡན་དམག་གིས་ཕར་རྒོལ་བྱེད་པ》《ང་ཚོས་མཉམ་དུ་ཉི་མ་གཡོ་བ》《སྤྲོ་སེམས་འཁོལ་བ》《དོན་ཚན་ཉི་ཤུ་པ》བཅས་ལ་གཏམ་རྒྱུད་གློག་བརྙན་ཡག་ཤོས་ཀྱི་མིང་འདོན་ཐོབ་ཡོད།

  • རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚེས27ཉིན་ནས་བཟུང་དགུན་དཔྱིད་ཀྱི་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།

2.jpg

  • ཚེས27ཉིན། WTA500ཏུང་ཅིང་ས་ཚུགས་ནས་བུད་མེད་རྐྱང་པའི་མཐའ་བསྡུར་བྱས་པ་དང་། ཀྲེན་ཆིན་ཝུན་གྱིས་ཨ་རིའི་འགྲམ་ཞུགས་པ་ཁེན་ཉིང་ལས་རྣམ་པར་རྒྱལ་ནས་ལས་རིགས་ལོ་རྒྱུས་སྟེང་གི་ས་ཚིགས་འདིའི་ཨང་དང་པོ་བླངས་པ་རེད།

3.jpg

  • པ་ལིན(巴林)དུ་འཚོགས་པའི་འཛམ་གླིང་སློབ་འབྲིང་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཐོག་ལོ་ན16སོན་པའི་ལུས་རྩལ་པ་ཡན་ཙི་དབྱི་ཡིས་བུད་མེད་འཕང་མདུང་གི་གསེར་གྱི་རྟགས་མ་བླངས་པ་དང་། འདི་ནི་ཁོ་མོས་ཐེངས་གསུམ་པར་འཛམ་གླིང་འགྲན་བསྡུར་ཆེ་མོའི་ཁྲོད་བུད་མེད་འཕང་མདུང་གི་ཨང་དང་པོ་བླངས་པ་རེད།

  • ཏ་ལེན་མཚོ་དོན་ཅུ་ཡིས་ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད16ནས་ཟླ11པའི་ཚེས3ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཐ་ཚིག་བསྒྲགས།

4.jpg

  • ཁྲང་པའེ་རི་བོའི་གདོད་མའི་ནགས་ཚལ་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རྩི་ཤིང་སྟེ་བྱང་ཤར་སྲན་དམར་གསོམ་སྡོང་ཁྱུ་ཚོགས་རྙེད་པ་དང་། དེའི་ནང་ལོ་ངོ་སྟོང་ལས་བརྒལ་པའི་གནའ་སྡོང་དྲུག་ཡོད་པ་རེད།

  • ཀྲེ་ཅང་ཉེན་རྟོག་ཕྱོགས་ཀྱིས་གྱོད་གཞི་རྙིང་པའི་དཀྲོག་གཏམ་བཟོ་བའི“དྲ་རྒྱའི་ཆུ་དམག”ཚོགས་པ་ཞིག་མེད་པ་བཟོས་པ་རེད། ཚོགས་པ་དེས་ཆ་འཕྲིན་རྫུས་མ་སོགས་ཀྱི་བརྙན་ལམ28500ལྷག་ཙམ་ཁྱབ་བསྒྲགས་བྱས་པ་རེད།

5.png

  • སི་ཁྲོན་ཙི་ཀུང་གི་རྒན་རྒོན་ཞིག་ཆུ་ནང་དུ་ལྷུང་བ་དང་། སྐབས་དེར་ཤེ་ཨེན་རུང་དང་། ཀྲུང་ཧྲེང་། ཧྲུའུ་ལེ། ཧོ་ཡུང་བཅས་མཐོ་རིམ་སློབ་འབྲིང་གི་སློབ་མ་བཞི་ཡིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོབ་བྱས་ཏེ་རྒན་རྒོན་མཚོ་འགྲམ་དུ་བསྐྱབས་པ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་ལོ་མཇུག་གོང“ཅིན་སྨན་བཅོས་འགན་བཅོལ”APPཡི“དོན་དག་གཅིག”གི་ཆེད་ཁུལ་དུ་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་ཆོག་པའི་ཞབས་ཞུའི་ནུས་པ་གསར་སྣོན་བྱས་ཏེ། ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་སོགས་ཀྱི་ལས་སྒོ་དྲ་ཐོག་ནས་གཉེར་ཐུབ་པ་བྱ་རྒྱུ་རེད།

  • ཨན་ཧུའེ་ཧོ་ཧྥེ་ཡིས་སྒེར་གཉེར་བཟོ་ཚོང་དང་རང་མོས་ལས་རིགས་པ་སོགས་སྟབས་བསྟུན་ལས་ཞུགས་མི་སྣས་མི་སྒེར་གྱི་མིང་ཐོག་ནས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཆོག་པའི་སྲིད་ཇུས་བཏོན།

  • ཧའེ་ནན་ཧའེ་ཁོའུ་ཡིས་ཧའེ་ཁོའུ་རུ་ཚོང་ཁང་གསར་དུ་བཙུགས་པའི་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་བཟའ་བཏུང་ཁེ་ལས་དང་། བཟའ་བཏུང་ཚོང་ཁང་ནང་འདྲེན་བྱས་པའི་ཁྱད་ལྡན་རིག་གནས་ཁྲོམ་གཞུང་། ཚོང་ཁང་ཐོག་མར་བཙུགས་པའི་བཟའ་བཏུང་ཟོང་རྟགས་བཅས་ལ་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ(ཆར་པ)དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ཁྲོད་ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཅང་ཞིའི་བྱང་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཀོང་ཞིའི་ལྷོ་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།