དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-13 09:50:00   |   36

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྤུན་ཟླའི་བརྩེ་བ་དང་བདེ་རྩ་ཇེ་ཟབ་ཏུ་གཏོང་ཆེད། ཚོང་གཉེར་འབྲེལ་ཡོད་སྡེ་ཁག་དང་ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་དབང་ཆ་དང་ལེན་བྱས་ཏེ་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་བཅུ་ཁྱབ་བསྒྲགས་བྱས།

  • ཉེ་ཆར། ཀྲུང་དབྱང་རིམ་པའི་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭ་དང་། ཀྲུང་དབྱང་སྒྲིག་ཨུའི་གཞུང་དོན་ཐིང་གིས་སི་ཁྲོན་ཞིང་ཆེན་ཀྲའོ་ཅུའེ་རྫོང་དང་། ཧུའུ་པེ་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་། ཧུའུ་པེ་སྒྱུ་རྩལ་ལས་རིགས་སློབ་གླིང་བཅས་ཀྱི་སྲིད་འབྲས་ལྟ་བར་ནོར་འཛོལ་ཡོད་པ་དང་དོན་དངོས་ལ་མི་བལྟོས་པར་ནོར་སྲིད་མ་དངུལ་བཀོད་སྤྱོད་བྱས་པ་སོགས་གྱི་གནས་ཚུལ་ལ་བརྡ་ཁྱབ་བཏང་།

  • ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱིས་འགྱུར་མེད་རྒྱུ་ནོར་གྱི“གཏའ་འཇོག་རྒྱུ་བདག་བརྗེ་བ”དང“ཁང་པ་རྩིས་སྤྲོད་བྱས་ཚེ་ལག་ཁྱེར་སྤྲོད་རྒྱུ”སོགས་སྒྱུར་བཅོས་བྱེད་ཐབས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཆུས་དང་རྫོང2300ལྷག་ཙམ་གྱིས“གཏའ་འཇོག་རྒྱུ་བདག་བརྗེ་བ་བྱེད་པའི”ལས་སྒོ་ཁྲི9བསྒྲུབས་ཡོད།

  • ཆུ་བེད་པུ་ནས་གནས་ཚུལ་འབྱོར་གསལ། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་གྱི་མ་རྩ་སྒོར་དུང་ཕྱུར2070འཇོག་པ་ལེགས་གྲུབ་བྱུང་བ་དང་དུས་མཚུངས་ལས4.1%འཕར་ཡོད།

  • དུས་ཚིགས་དང་པོར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར11.33སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས་བརྒྱ་ཆའི5.5%འཕར་ཏེ། དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

  • ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེན་ལི་ཝུན་གྱིས་གོ་མིན་ཏང་གི་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་དུས་ཡུན་ཉིན་དྲུག་གི་སྐམ་ས་ཆེན་མོའི་འཚམས་འདྲིར་མཇུག་བསྒྲིལ་ནས། ཚེས12ཉིན་གྱི་ཕྱི་དྲོ་གནམ་གྲུར་བསྡད་དེ་པེ་ཅིང་དང་བྲལ་ཏེ་ཕྱིར་ཐའེ་ཝན་དུ་ལོག

图片5.png

  • ཀྲུང་ལོ་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བཏང་ནས་ལོ་གསུམ་འགོར་བ་དང་། རིམ་རྩིས་བྱས་ན་མེ་འཁོར3190ལྷག་ཙམ་བཏང་བ་དང་། རྒྱལ་ཁབ་དང་ས་ཁུལ120ལྷག་ཙམ་ནས་ཡོང་བའི་རྒྱལ་མཚམས་བརྒལ་བའི་འགྲུལ་པ་མི་ཐེངས་ཁྲི80ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད།

  • ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་ཧ་ལི་ཏེ་ཚེས12ཉིན་གྱི་དགོང་མོ་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་འཚམས་འདྲི་བྱེད་མགོ་ཚུགས་རྒྱུ་རེད།

  • ཨ་མེ་རི་ཁ་དང་དབྱི་རན་གཉིས་ཀྱི་ཕ་ཁི་སི་ཐན་དབྱི་སི་ལན་པའོ་ཡི་གྲོས་མོལ་མཇུག་སྒྲིལ་བ་དང་གྲོས་མཐུན་མ་བྱུང་།

སྤྱི་ཚོགས།

  • སློབ་གསོ་པུའི་སྡོམ་རྩིས་གསར་ཤོས་ལ་གཞིགས་ན། 1978ལོ་ནས2025ལོའི་བར། རང་རྒྱལ་གྱི་ཕྱི་འགྲིམ་སློབ་མ་རིམ་རྩིས་བྱས་ན་ཁྲི946ཟིན་ཡོད་པ་དང་། མི་ཁྲི801སློབ་གཉེར་ལེགས་འགྲུབ་བྱུང་། དེའི་ནང་མི་ཁྲི698ཕྱིར་རང་རྒྱལ་དུ་ལོག 87%གྱི་ཕྱི་འགྲིམ་སློབ་མ་རང་རྒྱལ་དུ་ཕྱིར་ལོག་ནས་ལས་དོན་གཉེར།

  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ཏིང་ཡེ་ཞན་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས12ཉིན། གསར་དུ་བསྐྲུན་པའི་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཁྲང་ལིང་ཀང་ཕུག་ལམ་བདེ་བླག་ངང་བརྟོལ་པ་དང་། དེས་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ56ཚང་མ་བརྟོལ་པ་མཚོན་ཞིང་། ལམ་ཐིག་ཧྲིལ་པོར་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

  • ཚེས12ཉིན། ཀྲུང་གོའི་བདམས་ཐོན་པ་ཧྲི་ཡུས་ཆིས2026ལོའི་ཨེ་ཤེ་ཡའི་བྱ་སྒྲོའི་སྤོ་ལོ་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

  • ཚེས12ཉིན། 2026ལོའི་ཨེ་ཤེ་ཡའི་བྱ་སྒྲོའི་སྤོ་ལོ་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་གཉིས་ཀྱི་མཐའ་བསྡུར་མཇུག་སྒྲིལ་བ་དང་། ཀྲུང་གོའི་ལི་དབྱི་ཅིང་དང་ལུའོ་ཞུས་མིན་ལ་ཨང་དང་པོ་ཐོབ་པ་རེད།

  • ཚེས11ཉིན་གྱི་དགོང་མོར། U20བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨེ་ཤེ་ཡ་བུམ་པའི་བཞི་ཆའི་གཅིག་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ཨུ་ཟ་བྷེ་ཁི་སི་ཐན་རུ་ཁག་ལས་རྣམ་པར་རྒྱལ་ནས་ད་ལོའི་ཟླ9པར་ཕོ་ལན་དུ་འཚོགས་པའིU20བུད་མེད་རྐང་རྩེད་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་ཆོག་པ་རེད།

图片4.png

  • ཉེ་ཆར། ཀྲེ་ཅང་ཧུའུ་ཀྲོའུ་ཡི་བཟའ་ཟླ་རྒན་པ་གཉིས་ཀྱིས་ཆུ་འགྲམ་དུ་གད་སྙིགས་འཐུ་དུས་ལྕགས་རིགས་དངོས་པོ་ཞིག་གསར་དུ་རྙེད་ནས་མངག་གཏོང་ཁང་དུ་སྤྲད། ཆེད་མཁས་པས་དེ་ནི་གནའ་རབས་ཀྱི་ལི་ཆས་རོལ་ཆས་ཀོའུ་ཏིའོ(句鑃)ཡིན་པར་གསལ་འབྱེད་བྱས་ཤིང་། ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་གི་ལོ་རྒྱུས་ཡོད།

图片3.png

  • ཉེ་ཆར། ཧོ་ནན་ལུའོ་དབྱང་དུ་སྡོད་པའི་སློབ་ཆེན་སློབ་མ་ལི་ཝུན་ཁོ་ཡུལ་མི་དང་མཉམ་དུ་དབྱི་ཧོ་གཙང་པོའི་ཉེ་འགྲམ་དུ་བརྒྱུད་དུས་གློ་བུར་དུ་མྱུར་སྐྱོབ་ཀྱི་འབོད་སྒྲ་ཐོས་ཤིང་། ཁོ་ཐེ་ཚོམ་མེད་པར་ཆུ་ནང་དུ་མཆོངས་ནས་ཆུ་ནང་དུ་ལྷུང་བའི་བྱིས་པ་གཉིས་བསྐྱབས།

དོ་སྣང་།

图片2.png

  • ཟླ4པའི་ཚེས9ཉིན། ཀྲོའུ་ཅི་མགྲོན་ཁང་སྡེ་ཚོགས་ཕྱོགས་ཀྱིས་སྐོང་འདྲི་བྱས་པ་ལ་ལན་བཏབ་སྟེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་འཛད་སྤྱོད་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ལྟ་སྐུལ་དང་མཛུབ་ཁྲིད་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལྷག་བསམ་ཟོལ་མེད་ངང་དང་ལེན་བྱ་རྒྱུ། སྤྱི་གཉེར་གྱིས་ཐོག་མཐའ་བར་གསུམ་དུ་འཛད་སྤྱོད་པའི་ཁེ་དབང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་བསྟན། མི་དམངས་དཔྱད་གླེང་གིས་ཡིག་ཆ་སྤེལ་ཏེ། ཀྲུང་གོའི་ཁྲོམ་རའི་སྒོ་འབྱེད་ཁོད་ཡངས་ནི་རྒྱ་ཡན་དུ་གཏོང་བ་ཞིག་གཏན་ནས་མིན། འཛད་སྤྱོད་པའི་ཡིད་ཆེས་གདམ་ག་ནི་སྤུས་རྟགས་གང་རུང་གིས“བཙན་བདག་དོན་ཚན”བཀོད་སྒྲིག་བྱེད་པའི་རྒྱུ་མཚན་ཞིག་ཀྱང་མིན། བཙན་ཤེད་དང་ང་རྒྱལ་རྦད་དེ་མེད་པར་བཟོས་ནས་རང་འགུལ་ངང་ཀྲུང་གོའི་བཅའ་ཁྲིམས་དང་ལྟ་སྐུལ་དོ་དམ་སྲིད་ཇུས་ཀྱི་བླང་བྱའི་རེ་བ་དང་བསྡུར་ཏེ། དུས་ཐོག་དུ་ལུགས་མཐུན་མིན་པ་ཁྱོན་ཡོངས་ནས་གྲལ་བཤེར་དང་ཡོ་བསྲང་བྱས་ན། རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་གཞི་ནས་ཀྲུང་གོའི་ཁྲོམ་རར་དངོས་སུ་འདྲེས་ཐུབ་པ་དང་། ཡུན་རིང་འཕེལ་རྒྱས་གཏོང་ཐུབ།

འཚོ་བའི་ཞབས་ཞུ།

图片1.png

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་ཆེ་བའི་ཉེན་བརྡ་སེར་པོ་མུ་མཐུད་དུ་ཁྱབ་བསྒྲགས་བྱས་ཤིང་། སྔོན་དཔག་བྱས་ན་ཚེས12ཉིན་གྱི་དགོང་མོ་ནས་ཚེས13ཉིན་གྱི་སྔ་དྲོའི་བར་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཅང་སུའུ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་སྨུག་པ་ཆེ་བའི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁག་ཅིག་ཏུ་མཐོང་ཐུབ་ཚད་སྨི500ཡང་མི་ཟིན་པའི་སྨུག་པ་སྟུག་པོ་ཡོད་པ་རེད།

  • ཧེ་ལུང་ཅང་ཧའར་པིན། ཚེས13ཉིན་ཧའར་པིན་གྱིས་བཟའ་བཏུང་དང་ཞག་སྡོད་ཀྱི་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི200སྤྲད། དེ་གནས་ངེས་ཧའར་པིན་དུ་ཡོད་པ་དག་གིས་ལེན་ཆོག་པ་དང་། འཛད་སྤྱོད་འཛིན་ཤོག་དེ་ཧའར་པིན་གྲོང་ཁྱེར་ནང་གི་བྱེད་སྒོའི་ནང་ཞུགས་པའི་བཟའ་བཏུང་དང་ཞག་སྡོད་ཚོང་ཁང་དུ་དངོས་སུ་སོང་ནས་འཛད་སྤྱོད་བྱས་ཆོག་པ་གཏན་འཁེལ་བྱས།

  • ཀོང་ཞི། “ཟླ3པའི་ཚེས3ཉིན”དུས་ཆེན་གྱི་གློག་བརྙན་ལྟ་བའི་དམངས་ཕན་བྱེད་སྒོ་དེ་ཟླ4པའི་ཚེས16ཉིན་ནན་ཉིང་དུ་དངོས་སུ་སྤེལ་མགོ་ཚུགས་རྒྱུ་ཡིན་པ་དང་། བྱེད་སྒོ་ཟླ8པའི་ཚེས31ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། དེའི་ནང་རིན་མི་དགོས་པར་གློག་བརྙན་ལྟ་བ་དང་གློག་བརྙན་སློབ་གྲྭར་གཏོང་བ་སོགས་ཀྱི་བྱེད་སྒོ་ཚུད་ཡོད་པ་རེད།


མཉམ་སྤྱོད།