དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐར་མ་རྀ་ཥིའི་དཔྱད་བརྗོད་དྲང་སྲོང་དགྱེས་པའི་མགུལ་རྒྱན།

2023-09-09 11:07:38   |   628

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཕན་བདེ་གླེང་སྟེགས་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྐར་མ་རྀ་ཥིའི་དཔྱད་བརྗོད་དྲང་སྲོང་དགྱེས་པའི་མགུལ་རྒྱན།

ཟུར་མང་རྒྱལ་མཚན་བཀྲ་ཤིས།

གླེང་གཞི། རབ་དཀར་ཁ་བའི་ཟེའུ་འབྲུའི་འདབ་མ་རྣམ་པར་བཀྲ་ཞིང་། མ་བཅོས་རང་བྱུང་གདོད་མའི་པ་ཏྲས་རབ་ཏུ་རྒྱན་པ། ཡིད་དབང་རབ་ཏུ་འཕྲོག་པའི་སྔོ་ལྗང་གི་ནེའུ་གསིང་གཡུ་ལོའི་འདབ་ལོ་རབ་ཏུ་བཞད་པའི་བསིལ་ལྡན་ཁ་བ་རི་བའི་ལྗོངས་སུ་དྭངས་བསིལ་གྱི་ཆབ་དང་མཚོ་མོའི་རླབས་ཕྲེང་ཕྱོགས་དང་ཕྱོགས་མཚམས་ནས་གཡོ་བཞིན་མཆིས་ནའང་ནམ་རྒྱུན་ཁྲུས་ལ་ཞུགས་པའི་གོམས་སྲོལ་ཆེས་ཆེར་ཉུང་། འོན་ཀྱང་སྟོན་ཉིན་མཚན་མཉམ་པའི་ཡས་མས་ཙམ་སྟེ་སྐར་མ་རྀ་ཥི་འཆར་བའི་དུས་སྐབས་སུ་ཆབ་ཞུགས་ཀྱི་དུས་སྟོན་ནམ་སྐར་མ་རི་བྱིའི་དུས་སྟོན་ཞེས་རྒན་སྐྱོར་གཞོན་བསུ་གྱིས་ཆུ་ཀླུང་དང་གཙང་བོའི་འགྲམ་སོགས་སུ་ཡོང་ཞིང་། འབྲོག་པས་རང་བྱུང་རྩ་ཆུའི་དྭངས་མ་ལས་བྱུང་བའི་འབྲི་མོའི་ཞོ་དང་འོ་མ། ཕྲུམ་གསར་དང་དར་བ་བཅས་དང་། ཞིང་པས་མྱུར་སྐྱེའི་རྫས་འགྱུར་གྱིས་མ་བསླད་པའི་ཟས་རིགས་དང་། འབྲུ་རིགས་སྣ་ལྔའི་དྭངས་བཅུད་ལས་བྱུང་བའི་མངར་སྐྱུར་རོ་འཛིན་མྱོས་པར་བྱེད་པའི་ནས་ཆང་། གཞན་ཡང་རྒྱ་ཇ་ཡུ་དམར་དང་བཅུད་ལྡན་གྱི་འབྲི་མར་སེར་པོ་གཉིས་ལྷན་དུ་སྦྱར་བའི་ཇ་སྲུབས་མ་དང་བཅས་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ལྷན་དུ་གླུ་དང་གར་ལ་རོལ་བཞིན་ཁྲུས་ལ་ཞུགས་པའི་སྲོལ་རྒྱུན་སྔ་ནས་ད་བར་དུ་ཟམ་མ་ཆད་པར་མཆིས་པའོ། །

དང་པོ། སྲིད་པའི་སྟོང་ཁམས་ཆེན་མོ་དང་འབྲེལ་བའི་སྐར་མ་རྀ་ཥི།

1.jpg

དུས་འཁོར་འགྲེལ་ཆེན་ལས། འཇིག་རྟེན་འཆགས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་ནུས་པ་སྨིན་པའི་དུས་ཀྱི་དབང་གིས་དང་པོར་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འདབས་འབྱར་བར་འགྱུར་ཏེ། དེ་ལྟར་འབྱར་བ་ལས་ཡང་ཞིང་གཡོ་བའི་རླུང་དུ་འགྱུར་རོ། །ཞེས་དང་།མཛོད་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །  གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་དང་། རྗེ་རང་བྱུང་རྡོ་རྗེའི་བསངས་ཡིག་ལས། མཁའ་ལ་རླུང་བརྟེན་འབྱུང་བ་རིམ་བཞིན་ཆགས། །ཞེས་དང་། 时间简史;时空在大爆炸奇点处开始。ཞེས་དང་། 果壳中的宇宙;宇宙从一个大爆炸的一点起始。ཞེས་དང་།宇宙简史;大约在前200亿年到100亿年之间,相邻星系间的距离必定为0。在那个我们成为大爆炸的时刻。ཞེས་དང་། 万物简史;宇宙到底是在100亿年以前形成的,还是在200亿年以前形成的,还是在100亿年到200亿年之间形成的,这个问题宇宙学家已经争论很长时间。大家似乎越来越赞成大约137亿年这个数字。ཞེས་ཆེས་ངོ་མཚར་ལ་གཏིང་དཔག་དཀའ་བའི་སྲིད་པའི་སྟོང་ཁམས་ཀྱི་རླུང་ཁམས་ཆེན་མོའི་འཇིག་རྟེན་ནི་འདས་པའི་ལོ་གྲངས་དུང་ཕྱུར་(༡༣༧)ཡས་མས་ཙམ་ནས་འབར་གས་ཆེན་མོ་ནས་འགོ་ཚུགས་པར་བསྟན་ལ། སྲིད་པའི་རླུང་ཁམས་ཆེན་མོའི་འཇིག་རྟེན་གྲུབ་མ་ཐག་པ་ནས་སྐར་མ་ནག་དུང་(黑洞)དང་བཅས་པའི་ཆེ་ཆུང་ཅི་རིགས་ཀྱི་ཁྱིམ་རྒྱུད་རྣམས་གྲུབ་ཅིང་། རིམ་བཞིན་ཁྱིམ་རྒྱུད་སོ་སོའི་བར་བར་དུ་གཡེངས་བའི་ས་རྡུལ་དང་། ཆུ་རྡུལ། མེ་རྡུལ། རླུང་རྡུལ་དང་བཅས་པའི་འབྱུང་བའི་ཁམས་རྣམས་རུབ་འདུས་ཀྱིས་ཆེ་ཆུང་ཅི་རིགས་ཀྱི་གཟའ་སྐར་གོ་ལའི་འཇིག་རྟེན་ཏེ་ས་ཟླའི་ཁྱིམ་རྒྱུད་(地月系)དང་། ཉི་མའི་ཁྱིམ་རྒྱུད།(太阳系) དགུ་ཚིགས་ཀྱི་ཁྱིམ་རྒྱུད།(银河系) དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཆེས་ཕྱི་རོལ་དུ་ཆགས་ཤིང་འཁོར་བའི་ཁྱིམ་རྒྱུད་དང་། ཁྱིམ་རྒྱུད་སོ་སོར་རུབ་འདུས་ཀྱིས་ཆགས་ཤིང་འཁོར་བགྲོད་ལ་ངེས་བརྟན་ཡོད་པའི་གཟའ་སྐར་གྱི་ཕུང་པོ་སྟེ་དཔེར་ན་དྲང་སྲོང་གཟའ་ལྔ་ལ་སོགས་པ་ལྟ་བུ་དང་། ཁྱིམ་རྒྱུད་སོ་སོའི་བར་བར་དུ་ཆགས་ཤིང་འཁོར་བགྲོད་ལ་ངེས་བརྟན་མེད་པའི་གཟའ་སྐར་གྱི་ཕུང་པོ་སྟེ། དཔེར་ན་གཟའ་སྐར་གཤིན་རྒྱལ་(冥王星)ལྟ་བུ་དང་བཅས་གྲངས་ཀྱིས་མི་ཆོད་པ་ལྟ་བུའི་གཟའ་སྐར་གོ་ལའི་ཕུང་པོ་རྣམས་ཆགས་ཡོད་སྲིད་ལ། དྲང་སྲོང་སྐར་མ་རྀ་ཥི་ཞེས་དེའི་ཁྲོད་ཀྱི་ཡ་གྱལ་ཞིག་ལས་མ་འདས་པའོ། །

གཉིས་པ། དགུ་ཚིགས་ཀྱི་ཁྱིམ་རྒྱུད་ལས་མངོན་པའི་སྐར་མ་རྀ་ཥི།

2.jpg

དྲང་སྲོང་སྐར་མ་དགའ་བས། དུང་གཉིས་བྱེ་བརྒྱད་ས་ཡ་ལྔ། །སྐར་མའི་གྲངས་སུ་ཤེས་པར་བྱ། །ཞེས་བསྟན་པ་ཇི་བཞིན་དུ་དགུ་ཚིགས་ཀྱི་ཁྱིམ་རྒྱུད་དང་བཅས་པའི་མཁའ་དབྱིངས་ཀྱི་སྟོང་ཁམས་ཆེན་མོའི་ཁམས་སུ་གཟའ་སྐར་གྱི་ཕུང་པོ་གྲངས་ཀྱིས་མི་ཆོད་པ་ལྟ་བུ་ཞིག་ཆགས་ཡོད་སྲིད་ལ། དེ་ལྟ་བུའི་གྲངས་ཀྱིས་མི་ཆོད་པ་ལྟ་བུའི་གཟའ་སྐར་གྱི་ཁྲོད་ལས་སྐར་མ་རྀ་ཥི་(药王星)ཞེས་ཉི་མའི་ཁྱིམ་རྒྱུད་(太阳系)ཀྱི་ཆེས་ཕྱི་རོལ་ཏེ་དགུ་ཚིགས་ཀྱི་ཁྱིམ་རྒྱུད་(银河系)དུ་ཆགས་ཤིང་རང་འོད་འཕྲོ་བཞིན་པའི་བརྟན་སྐར་(恒星)གྱི་རིགས་ཤིག་སྟེ། འོན་ཀྱང་གཞི་རྒྱ་ཆེ་བའི་སྟོང་ཁམས་ཆེན་མོའི་ཁམས་ནས་དཔྱད་པ་ལྟར་ན་ནམ་ཡང་གཡོ་འགུལ་མེད་པའི་བརྟན་སྐར་ཞིག་ག་ལ་ཡིན་ཏེ་ཡིན་མི་སྲིད་པའོ། །

གསུམ་པ། ཉི་མའི་ཁྱིམ་རྒྱུད་ལས་མངོན་པའི་སྐར་མ་རྀ་ཥི།

3.jpg

ཉི་མའི་ཁྱིམ་རྒྱུད་ཅེས་གཟའ་ཉི་མ་དང་།  ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། ས་སྒང་། མཚོ་རྒྱལ། གནམ་རྒྱལ་དང་བཅས་པའི་གཟའ་བཅུ་ལྷན་དུ་རུབ་འདུས་ཀྱིས་གྲུབ་པའི་ཁྱིམ་རྒྱུད་ཅིག་ཡིན་ལ། གཟའ་བཅུ་ལས་གཟའ་ཉི་མའི་བོངས་དབྱིབས་ཆེས་ཆེ་བ་དང་ཁྱིམ་རྒྱུད་འདིའི་ཆེས་དཀྱིལ་སྙིང་དུ་གནས་པའི་ཆ་ནས་ཉི་མའི་ཁྱིམ་རྒྱུད་ཅེས་བརྗོད་པའོ། །

ང་ཚོའི་མཐོང་བའི་སྣང་ཚུལ་ལས་མཁའ་དབྱིངས་ཀྱི་ངོས་ནས་སྐར་མ་རྀ་ཥི་དང་གཟའ་ཉི་མ་ལ་སོགས་པའི་གཟའ་རྣམས་ལྷན་དུ་མངོན་པ་ལྟ་བུར་སྣང་ནའང་དོན་དངོས་སུ་སྐར་མ་རྀ་ཥི་ཞེས་ཉི་མའི་ཁྱིམ་རྒྱུད་ཀྱི་ཆེས་ཕྱི་རོལ་དུ་གནས་པའི་བརྟན་སྐར་གྱི་རིགས་ཤིག་སྟེ། སྐར་མ་རྀ་ཥི་དང་ཉི་མའི་ཁྱི་རྒྱུད་ཀྱི་བར་ལ་ཆེས་བསམ་ཡུལ་ལས་འདས་པའི་འོད་ལོ་(光年)གྲངས་མང་པོའི་བར་གྱིས་ཆོད་ཡོད་སྲིད་པའོ། །

བཞི་པ། ས་ཟླའི་ཁྱིམ་རྒྱུད་ལས་མངོན་པའི་སྐར་མ་རྀ་ཥི།

4.jpg

བེེཌཱུརྱ་དཀར་པོ་ལས།  དྲང་སྲོང་རྀ་ཥི་ཞེས་པ་ནི། །གོ་ལའི་གདུགས་ཀྱི་ཤམ་བུའི་ཚུལ། །ཞེས་དང་། སྨན་རྩིས་མཁས་དབང་ཚང་སར་བྱམས་པ་འཆི་མེད་མཆོག་ནས། བརྟན་པ་གདུགས་ཀྱི་ཏོག་དང་འདྲ། །རྀ་ཥི་གདུགས་ཀྱི་ཤམ་བུ་འདྲ། །ཞེས་སོགས་བསྟན་པ་བཞིན་དུ་མཁའ་ནས་གཟའ་སྐར་ཉི་ཟླའི་རང་འོད་ཀྱིས་སྐྱོང་ཞིང་། བར་ནས་འབྱུང་བའི་དུས་བཞི་འགྲོས་སུ་འཁོར་བ། ས་ནས་འདོད་པའི་ལོངས་སྤྱོད་སྨིན་པར་བྱེད་པའི་ས་སྒང་འདིའི་ཁྱོན་ངོས་ནས་མཚན་མོ་ང་ཚོས་མགོ་བོ་ཡར་ལ་དགྱེ་ནས་བལྟ་བའི་སྐབས་སུ་ཁྲ་ལམ་ལམ་དུ་བཀྲ་བའི་གཟའ་སྐར་གྱི་ཕུང་པོ་གྲངས་ཀྱིས་མི་ཆོད་པ་ལྟ་བུ་ཞིག་མངོན་གྱི་ཡོད་ལ། སྐར་མ་རྀ་ཥི་ཞེས་དེའི་ཁྲོད་ཀྱི་ཡ་གྱལ་ཞིག་སྟེ། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་སྐར་མ་རྀ་ཥིའི་(药王星)ཕྱོགས་ལ་ལྷོ་ཕྱོགས་དང་། སྐར་མ་བརྟན་པ་(北极星)ཡི་ཕྱོགས་ལ་བྱང་ཕྱོགས་ཞེས་སུ་འབོད་པའོ། །

ལྔ་པ། ཇོ་མོ་གླང་མའི་རི་རྒྱུད་ནས་མངོན་པའི་སྐར་མ་རྀ་ཥི།

5.jpg

ལྷ་ལྡན་སྨན་རྩིས་ཁང་གཙོར་བྱས་པའི་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ལོ་ཐོ་ཁག་ལས། སྟོན་ཉིན་མཚན་མཉམ་པའི་(秋分)ཡས་མས་ཙམ་ནས་༼ཐོ་རེངས་སྐར་མ་རྀ་ཥི་འཆར་༽ཞེས་འཁོད་པའི་དུས་སྐབས་སུ་མཁས་དབང་བསྟན་སྲུང་གྲགས་པ་མཆོག་གི་བཀའ་སློབ་ཇི་བཞིན་དུ་དྲང་སྲོང་སྐར་མ་རྀ་ཥི་ཞེས་ཐོ་རེངས་སྟག་གི་དུས་སུ་ལྷོ་དཀྱིལ་རི་བོའི་གོང་བ་ནས་གཟའ་ཕུར་བུའི་བོངས་ཚད་ལས་ཅུང་ཟད་ཆུང་ཙམ་ཞིག་དཀར་ཆེམ་ཆེམ་གྱི་འོད་མདངས་དང་བཅས་བསིལ་ལྡན་ཁ་བའི་ལྗོངས་གཙོ་བོར་བྱས་པའི་ཇོ་མོ་གླང་མའི་རི་རྒྱུད་ཀྱི་ས་གནས་ཕལ་མོ་ཆེ་ནས་མཐོང་བར་འགྱུར་ལ། དེ་བཞིན་མཁས་དབང་བསྟན་སྲུང་གྲགས་པ་མཆོག་གི་བཞུགས་གནས་༼སོག་ཤོད་ཡོག་ནག་༽ནས་དུས་ཚིགས་འདིར་ཏག་ཏག་དྲང་སྲོང་སྐར་མ་རྀ་ཥི་མཐོང་བར་འགྱུར་བའོ། །འོན་ཀྱང་ས་གནས་གང་ཞིག་ཡིན་ནའང་དུས་ཚིགས་དེར་མཐོང་བའི་ངེས་པ་མི་འབྱུང་ལ། ས་སྒང་གི་བྱང་སྣེ་(北极)དང་བྱང་སྣེར་ཉེ་བའི་ས་ཕྱོགས་ནས་སྐར་མ་རྀ་ཥི་ཞེས་ནམ་ཡང་མཐོང་བའི་ཡུལ་དུ་མངོན་མི་སྲིད་ལ།   གོ་ལའི་ལྷོ་སྣེ་(南极)དང་ལྷོ་སྣེར་ཉེ་བའི་ཕྱོགས་ནས་སྐར་མ་རྀ་ཥི་ཞེས་ནམ་ཡང་དགུང་སྔོན་གྱི་དཀྱིལ་གཞུང་དུ་ཉེ་བའི་ཕྱོགས་ནས་མཐོང་བར་འགྱུར་བ་ལྟ་བུའོ། །

སྲིད་པའི་སྟོང་ཁམས་ཆེན་མོའི་ཁམས་ལས་གཟའ་སྐར་གོ་ལའི་ཕུང་པོ་རྣམས་འབྱུང་བའི་འགྲོས་དང་བསྟུན་ཞིང་རིམ་བཞིན་འཁོར་བགྲོད་བྱེད་པའི་དབང་ལས་དཔྱིད་ཉིན་མཚན་མཉམ་པའི་(春分)ཡས་མས་ཙམ་ནས་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་དྲང་སྲོང་སྐར་མ་རྀ་ཥི་དེ་ཉིད་སླར་ཡང་དགོང་མོ་བྱའི་དུས་སུ་དཀར་ཆེམ་ཆེམ་གྱི་འོད་མདངས་དང་བཅས་ལྷོ་དཀྱིལ་རི་བོའི་གོང་བ་ནས་འཆར་བར་འགྱུར་ཕྱིར་རྒྱུད་གཞུང་ཁག་ལས། ཟླ་དྲུག་ཉིན་འཆར་ཟླ་དྲུག་མཚན། །ཞེས་བསྟན་པའོ། །

དྲུག་པ། སྐར་མ་རྀ་ཥིའི་དུས་སྟོན་གྱི་དར་སྲོལ་ལ་དཔྱད་པ།

གང་ཟག་སྐྱེས་ཆེན་རྣམས་ཀྱིས་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱི་འབྲས་བུ་ལས་སྨིན་པའི་སྐར་རྩིས་རིག་པའི་གཞུང་དང་། འབྱུང་རྩིས། བོད་གདོད་མའི་སྲོལ་རྒྱུན་དང་བོན་གྱི་སྲོལ་རྒྱུན་གྱི་རིག་གནས་བཅས་ཕྱོགས་གཅིག་ཏུ་བསྡུས་པའི་ཉིང་བཅུད་རྩིས་གཞུང་ཆེན་མོ་བེེ་ཌཱུརྱ་དཀར་པོ་སོགས་རྩིས་ཀྱི་བསྟན་བཅོས་ཁག་ལས་སྐར་མ་རི་ཥི་འཆར་བའི་དུས་ཚིགས་དང་ཆེས་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཀྱི་ཆ་རྣམས་བསྟན་པ་ཙམ་ལས་དེ་ཉིད་ཀྱི་ཁུངས་གང་ནས་དར་བ་སོགས་ཅུང་མི་གསལ་བའི་གནས་སུ་མཆིས།

 དྲང་སྲོང་སྐར་མ་རྀ་ཥིའི་དུས་སྟོན་གྱི་ཁྱད་ཆོས་ཀྱི་ཕྱོགས་ལ་ཅུང་ཟད་དཔྱད་པར་སྨད་རྒྱ་ནག་ནས་དར་བའི་ནག་རྩིས་དང་། གདོད་མའི་བོད་དང་བོན་གྱི་སྲོལ་རྒྱུན་བཅས་དང་འབྲེལ་བ་ཆེར་མེད་པ་ལྟ་བུ་དང་ནང་རིག་པའི་གཞུང་དང་ཆེས་འབྲེལ་བ་གཏིང་ཟབ་ཏུ་ཡོད་པ་ལྟ་བུར་མངོན་ལ། ནང་རིག་པའི་གཞུང་བསིལ་ལྡན་ཁ་བའི་ལྗོངས་སུ་བོད་བཙན་པོའི་གདུང་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་ཙམ་ནས་དབུ་བརྙེས་ཤིང་། དུས་འཁོར་སྐར་རྩིས་རིག་པའི་གཞུང་དངོས་ནི་དུས་རབས་༡༡པའི་ནང་བསིལ་ལྡན་ཁ་བའི་ལྗོངས་སུ་རྒྱ་ཆེར་དར་ཡོད་པར་མངོན་ལ། འོན་ཀྱང་བཀའ་ཆེམས་ཀ་ཁོལ་མ་སོགས་གཞུང་རྙིང་རྣམས་ལ་དཔྱད་པར་དུས་འཁོར་སྐར་རྩིས་ཀྱི་ཆ་ཤས་དུས་རབས་༡༡་པའི་ཡར་སྔོན་ཙམ་ནས་ཀྱང་བསིལ་ལྡན་ཁ་བའི་ལྗོངས་སུ་དར་ཡོད་མི་སྲིད་པ་མ་ཡིན་པའོ། །

བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཉི་མའི་འོད་ཀྱིས་གདུངས་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱངས་ཆུ་བཏུང་། །ཞེས་བསྟན་པར་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་དུས་རབས་བདུན་པའི་ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཕ་ཁོལ་ལམ་རྟ་དབྱངས་ཀྱིས་ལུས་ཀྱི་སྒྲིབ་པ་སྦྱངས་བའི་ཆེད་དུ་བརྩམས་པར་གྲགས་པའི་རྒྱ་གར་ཚེའི་རིག་བྱེད་ཀྱི་གཞུང་ལུགས་ཤིག་ཡིན་ལ། དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་ལོ་ཆེན་རིན་ཆེན་བཟང་པོས་བོད་ཡིག་ཏུ་བསྒྱུར་མཛད་པར་དུས་དེ་ཙམ་ནས་བཟུང་སྐར་མ་རྀ་ཥིའི་ཆབ་ཞུགས་ཀྱི་སྲོལ་རྒྱུན་དེ་ཉིད་བསིལ་ལྡན་ཁ་བའི་ལྗོངས་སུ་དར་ཡོད་པ་ནི་ཚད་མ་ལྟ་བུར་མངོན་པའོ། །

བདུན་པ། སྐར་མ་རྀ་ཥིའི་ཞག་བདུན་གྱི་དུས་ཚིགས་ལ་དཔྱད་པ།

དཔལ་ལྡན་ཕྱི་མའི་རྒྱུད་ལས། སྤྲ་བ་སྟོན་ཟླ་གསུམ་གྱི་དུས་བཟང་བཏུ། །ཞེས་དང་། འཁྲུངས་དཔེ་འཚོ་བྱེད་གཞོན་ནུའི་སྙིང་ནོར་ལས། སྟོན་བཏུ་བ་རགས་པ་ཉི་སྐར་༼༩.༥༠༽པའི་སྐབས་རྀ་ཥི་འཆར་བའི་དུས་དང་སྤྲད། ཅེས་རྩ་རྒྱུད་གྲུབ་རྩིས་ལས་རྒྱུ་སྐར་ཉེར་བདུན་གྱི་ཡ་གྱལ་རྒྱུ་སྐར་རྟ་ཆེན་དང་གཟའ་ཉི་མ་གཉིས་ལྷན་དུ་འགྲོག་ནས་ཆུ་ཚོད་༼༥༠༽་འདས་ཟིན་པའི་དུས་ཚིགས་དང་།  བེེཌཱུརྱ་དཀར་པོ་ལས། དེ་ཡང་རབ་བརྒྱད་ཐོག་མ་རུ། །བྱེད་པར་དྲག་པོ་རྐང་བྲལ་ལ། །རྀ་ཥི་འཆར་བར་ཕུག་པ་བ། །མཁས་དབང་ལྷུན་གྲུབ་རྒྱ་མཚོས་མཛད། །ཅེས་དང་། དྲི་མེད་འོད་སྣང་ལས། དྲག་པོ་རྐང་བྲལ་རི་བྱི་ཡི། །ཞེས་བསྟན་པར་དྲག་པོ་རྐང་བྲལ་ཞེས་བསྡུས་བརྒྱུད་བྱེད་རྩིས་ལས་གཟའ་ཉི་མ་དང་རྒྱུ་སྐར་༼༡༡༽པ་དབོ་གཉིས་ལྷན་དུ་འགྲོག་མ་ཐག་པའི་དུས་ཚིགས་དང་། དཔྱད་གསུམ་དག་རྩིས་ལས། གཞུང་ཞག་ཉེར་གཅིག་རྫོགས་ཚེ་དབྱར་ཞག་ཚེས། །དེ་ནས་དྲང་སྲོང་རི་ཥི་འཆར་བ་ཡིན། །ཞེས་བཻ་དཀར་གྱི་རྟགས་ཕྲན་སྣ་ཚོགས་འཆར་བའི་དུས་དང་བསྟུན་པ་དང་།  རིགས་ལྡན་སྙིང་ཐིག་ལས།  བརྒྱད་པའི་དབུགས་ཐོབ་ཉིན་ནས་བཟུང་།  །ཞག་བདུན་བར་དུ་རྀ་ཥི་འཆར།  །དྲང་སྲོང་རྀ་ཥི་བྱ་བ་ནི།   །ཟླ་དྲུག་ཉིན་འཆར་ཟླ་དྲུག་མཚན།   །ཞེས་དང་། སུམ་པའི་དགེ་ལྡན་རྩིས་གསར་ལས། རྀ་ཥི་བརྒྱད་པའི་དབུགས་ཐོབ་ཉིན་དེར་འཆར། །ཞེས་རིགས་ལྡན་སྙིང་ཐིག་དང་སུམ་པའི་དགེ་ལྡན་རྩིས་གསར་གཉིས་ལས་རྒྱ་རྩིས་ལ་གཞིར་བཟུང་ཞིང་བཀོད་པ་བཅས་རྩིས་གཞུང་སོ་སོའི་རྩིས་གཞི་མི་འདྲ་བ་ཙམ་ལས་དོན་དུ་ཕྱི་ནམ་ཟླའི་དུས་ཚིགས་གཅིག་པར་ཁེལ་བ་ལས་ཁྱད་པར་ཡོད་པ་མ་ཡིན་ལ། རྩིས་གཞུང་སོ་སོ་ལས་དུས་ཚིགས་ངེས་ཅན་ཞིག་ལ་གཞི་འཛིན་དགོས་པའི་དགོས་པ་གང་ཡིན་ནམ་ཞེ་ན།  ཉི་མའི་ཁྱིམ་རྒྱུད་(太阳系)དུ་ཆགས་ཤིང་འཁོར་བའི་བསོད་ནམས་ཅན་གྱི་ཞིང་ས་ཆེས་མཛེས་ཤིང་ཡིད་དུ་འོང་བའི་ས་སྒང་གི་འཇིག་རྟེན་(地球)འདི་ཉིད་འབྱུང་བའི་རླུང་འགྲོས་ལ་བརྟེན་ཞིང་སྐད་ཅིག་ཙམ་ཡང་མི་སྡོད་པར་སྤྱི་འཁོར་དང་རང་འཁོར་ལྷན་དུ་སྦྲེལ་ཞིང་བར་མེད་དུ་ཉི་མར་གཡོན་བསྐོར་གྱིས་འཁོར་བར་དུས་ཚིགས་ངེས་ཅན་དེར་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་དེ་ཉིད་ཇོ་མོ་གླང་མའི་རི་རྒྱུད་ཕལ་ཆེ་བ་ནས་མཐོང་བར་འགྱུར་ཕྱིར་ཐོ་རེངས་སྐར་མ་རྀ་ཥི་འཆར་ཞེས་བརྗོད་པའོ། །

6.jpg

བརྒྱད་པ། སྐར་མ་རྀ་ཥིའི་ཞག་བདུན་གྱི་ཁྱད་ཆོས།

བེེཌཱུརྱ་དཀར་པོ་ལས། ཞག་བདུན་ཡན་ལག་བརྒྱད་པའི་ཆུར། །འགྱུར་བར་དྲོང་སྲོང་དམོད་པ་དང་། །སྐར་མ་དེ་ཡི་གཞལ་ཡས་ཁང་། །ཀེ་ཏ་ཀ་ལས་གྲུབ་པ་སོགས། །ཞེས་དང་། བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཉི་མའི་འོད་ཀྱིས་གདུང་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱངས་ཆུ་བཏུང་། །དྭངས་པའི་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་འགྱུར་བ། །མི་འབྲུག་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་སྐར་མ་རྀ་ཥི་ཤར་བའི་ཞག་བདུན་གྱི་དུས་སྐབས་སུ་ནོར་བུ་ཆུ་ཤེལ་གྱི་ཁམས་ལས་གྲུབ་པའི་སྐར་ཁྱིམ་འདིའི་འོད་འཆར་བའི་ཆར་དང་ཆུ་བོའི་རིགས་རྣམས་ཡན་ལག་བརྒྱད་ལྡན་ཏེ་བདུད་རྩིའི་རང་བཞིན་དུ་འགྱུར་བར་བསྟན་ལ། གཞན་ཡང་། སྨན་རྩིས་མཁས་དབང་ཚང་སར་བྱམས་པ་འཆི་མེད་མཆོག་ནས། ཆུ་བོ་ཡན་ལག་བརྒྱད་ལྡན་ལས། །ཁྲོན་པའི་ཆུ་ནི་མ་གཏོགས་སོ། །ཞེས་སྐར་མ་རྀ་ཥིའི་འོད་མི་འཆར་བའི་གནས་ཁྲོན་པའི་ཆུ་ལྟ་བུ་ནི་བདུད་རྩིའི་རང་བཞིན་ཡན་ལག་བརྒྱད་ལྡན་དུ་མི་འགྱུར་བར་ཤེས་པར་བྱའོ། །


མཉམ་སྤྱོད།