དེ་རིང་ནི2025ལོའི་ཟླ11པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི2025ལོའི་ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་བའི་ཁ་གསབ་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-11-05 08:49:17   |   32

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


༄༅། །མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི2025ལོའི་ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་བའི་ཁ་གསབ་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ཚན་པ་སོ་སོར།

《མཚོ་བྱང་གྱི2025ལོའི་ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་བའི་ཁ་གསབ་ཇུས་གཞི》དེ་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས98པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས63པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱེད་ཚོར་དཔར་འགྲེམས་བྱས་པས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

2025ལོའི་ཟླ8པའི་ཚེས6ཉིན།

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

༄༅། །མཚོ་བྱང་ཁུལ་གྱི2025ལོའི་ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་བའི་ཁ་གསབ་ཇུས་གཞི།

ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཕྱུགས་ལས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། ཕྱུགས་རིགས་གསོ་ཚགས་དུད་ཚང་གི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་དང་སྐུལ་སློང་བྱེད་པ། ཁུལ་ཡོངས་ཀྱི་ཕྱུགས་རིགས་ལུགས་མཐུན་ངང་བཤས་རར་གཏོང་ཐུབ་པ་དང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་མངོན་འགྱུར་བྱེད་ཆེད། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇུས་གཞི་འདི་གཏན་འབེབས་བྱས་པ་ཡིན།

གཅིག དམིགས་འབེན་འགན་ཁུར།

《མཚོ་སྔོན་ཞིང་ཆེན་གྱི་ནོར་ལུག་དང་འོ་མའི་ཐོན་ལས་བརྟན་བརླིང་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག་བཅུ》དོན་འཁྱོལ་ཏན་ཏིག་བཏང་དང་། དམིགས་ཚད་དེ་ཕྱོགས་སྟོན་ཡིན་པ་མཐའ་འཁྱོངས་ཀྱིས“བཤས་རར་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། ལག་ཡོད་བརྟན་པོ་ཡོང་བ། ཐོན་ནུས་འགན་ལེན་བྱེད་པ”བཅས་ཀྱི་རྩ་བའི་དགོངས་གཞི་ལྟར། སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་གསོ་ཚགས་དུད་ཚང་གི་ཐོན་སྐྱེད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་མཁོ་སྤྲོད་བརྟན་དུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 2025ལོར། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཁུལ་ཡོངས་ཀྱི་ནོར་ལུག་བཤས་རར་གཏོང་བའི་དམིགས་ཚད་ཁྲི154.2ཡིན། དེའི་ནང་། ནོར་མགོ་གྲངས་ཁྲི25.2དང་ལུག་མགོ་གྲངས་ཁྲི129ཡིན། འཇུ་ལག་རྫོང་གི་ནོར་ལུག་བཤས་རར་གཏོང་བའི་དམིགས་ཚད་ལས་འགན་མགོ་གྲངས་ཁྲི39.69ཡིན། དེའི་ནང་། ནོར་མགོ་གྲངས་ཁྲི5.6དང་ལུག་མགོ་གྲངས་ཁྲི34.09ཡིན། མདོ་ལ་རྫོང་གི་ནོར་ལུག་བཤས་གཏོང་བའི་དམིགས་ཚད་ལས་འགན་མགོ་གྲངས་ཁྲི41.89ཡིན། དེའི་ནང་། ནོར་གྲངས་ཁྲི8.01དང་ལུག་མགོ་གྲངས་ཁྲི33.88ཡིན། རྐང་ཚ་རྫོང་གི་ནོར་ལུག་བཤས་གཏོང་བའི་དམིགས་ཚད་ལས་འགན་མགོ་གྲངས་ཁྲི39.4ཡིན། དེའི་ནང་། ནོར་མགོ་གྲངས་ཁྲི7.44དང་ལུག་མགོ་གྲངས་ཁྲི31.96ཡིན། མདའ་བཞི་རྗོང་གི་ནོར་ལུག་བཤས་གཏོང་བའི་དམིགས་ཚད་ལས་འགན་མགོ་གྲངས་ཁྲི33.22ཡིན། དེའི་ནང་། ནོར་མགོ་གྲངས་ཁྲི4.15དང་། ལུག་མགོ་གྲངས་ཁྲི29.07ཡིན། 2025ལོར་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཁུལ་ཡོངས་ཀྱིས་ཕག་པ་བཤས་རར་གཏོང་བའི་དམིགས་ཚད་མགོ་གྲངས6500ཡིན། དེའི་ནང་། འཇུ་ལག་རྫོང་གི་མགོ་གྲངས5400དང་། མདོ་ལ་རྫོང་གི་མགོ་གྲངས270དང་། མདའ་བཞི་རྫོང་གི་མགོ་གྲངས700དང་། རྐང་ཚ་རྫོང་གི་མགོ་གྲངས130བཅས་ཡིན།

གཉིས། མ་དངུལ་ཡོང་ཁུངས།

ཐེངས་འདིའི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི621དང་། ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི200(ཞིང་ཆེན་དང་ཁུལ་གྱི་མ་དངུལ་བགོ་བཤའི་རེའུ་མིག)དང་། གཞན་པའི་ཁ་གསབ་མ་དངུལ་དེ་རྫོང་སོ་སོའི་ཀྲུང་དབྱང་གི་ནོར་ལུག་ཕྱིར་གཏོང་རྫོང་ཆེན་གྱི་བྱ་དགའི་མ་དངུལ་དང་། ཕྱིར་གཏོང་ས་ཁུལ་གྱི་འཛུགས་སྐྲུན་བྱ་དགའི་མ་དངུལ། ཞིང་འབྲེལ་མ་དངུལ་གཞན་དག་དང་དེ་བཞིན་རྫོང་རིམ་པའི་ལེ་ལག་ཚང་སྒྲིག་བཅས་སྤྱི་འདོམས་བྱ་རྒྱུ་དང་། གཞན་པའི་ཁ་གསབ་མ་དངུལ་དེ་ཞིང་ཆེན་དང་ཁུལ་གྱི་མ་དངུལ་ལས་དམའ་མི་རུང་།

གསུམ། ཁ་གསབ་སྤྲོད་ཡུལ།

ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ནོར་ལུག་དང་ཕག་པ་བཅས་གསོ་ཚགས་བྱེད་པའི་གསོ་ཚགས་ར་བ(དུད་ཚང)དང་མཉམ་ལས་ཁང་སྣ་ཚོགས་ཡིན།

བཞི། ཁ་གསབ་ཚད་གཞི་དང་ཁྱབ་ཁོངས།

1.ཁ་གསབ་ཀྱི་ཆ་རྐྱེན་འཛོམས་པའི་གསོ་ཚགས་བྱེད་པོར2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་བཤས་རར་བཏང་བའི་ནོར་ལུག་དང་ཕག་པ་དེ(རང་ཟས་ཚུད་མེད)། ལུག་རེ་ལ་སྒོར10དང་། ནོར་རེར་སྒོར40དང་། ཕག་པ་རེར་སྒོར30བཅས་ལྟར་ཁ་གསབ་སྤྲོད་པ། དུས་བཞིར་ཆ་སྙོམས་བཤས་རར་གཏོང་ཐུབ་པ་བྱ་ཆེད། ཟླ་དང་པོ་ནས་བདུན་པའི་བར་བཤས་རར་གཏོང་བའི་ཕྱུགས་རིགས་ལ་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ་དང་འབྲེལ་ཁུལ་དང་རྫོང་གི་ཕུལ་བྱུང་བཤས་གཏོང་ཁེ་ལས་ལ་བྱ་དགའ་འོས་འཚམ་སྤྲོད་རྒྱུ། ཞིབ་ཕྲའི་ཁ་གསབ་ཚད་གཞི་དེ་རྫོང་ཁག་གིས་ནོར་ཤུགས་དང་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འཁེལ་བྱ་རྒྱུ་དང་མི་འདང་བའི་ཆ་དེ་རྫོང་ཁག་གིས་ལེ་ལག་ཚང་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ།

2.ཁ་གསབ་ལོངས་སྤྱོད་བྱེད་པའི་ཕག་དང་ནོར། ལུག་བཅས་བཤས་རར་གཏོང་བའི་ལྷུ་ཚིགས་སུ་བསྐྱོད་དེ་ནུས་ལྡན་ངང་བཤས་རར་གཏོང་དགོས་་པ་མ་ཟད། གཤམ་གསལ་གྱི་ཆ་རྐྱེན་དང་མཐུན་དགོས་པ་སྟེ། བཤས་ཕྱུགས(ནོར་གནག་ཚུད་པ)གསོ་ཚགས་ཀྱི་དུས་འཁོར་ཟླ8ཡན་ལས་བརྒལ་བ་དང་། ལུག(བོད་ལུག)གསོ་ཚགས་ཀྱི་དུས་འཁོར་ཟླ་བ5.5ལས་བརྒལ་བ། ཕག་པ་གསོ་ཚགས་ཀྱི་དུས་འཁོར་ཟླ་བ6ལས་བརྒལ་བ་བཅས་བྱེད་དགོས།

3.གསོ་ཚགས་དུད་ཚང་གཅིག་གིས་ཁ་གསབ་ལོངས་སྤྱོད་བྱེད་ཚད་རིམ་རྩིས་བྱས་ན་སྒོར5000ལས་མི་བརྒལ་བ་དང་། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བར(མཉམ་ལས་ཁང)རིམ་རྩིས་བྱས་ན་སྒོར20000ལས་མི་བརྒལ་བར་བྱེད་དགོས།

4. བྱ་དགའི་ཁ་གསབ་མ་དངུལ་དེ་གསོ་ཚགས་ར་བའི(དུད་ཚང)ཕྱུགས་རིགས་བཤས་གཏོང་གི་ཁ་གསབ་སྙན་ཞུའི་དུས་ཚོད་སྔ་རྗེས་ཀྱི་གོ་རིམ་ལྟར་སྤྲད་ནས་བྱ་དགའ་སྤྲོད་ཚར་རག་བར་ཡིན།  ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་ཁག་གི་སྲིད་གཞུང་སྡེ་ཚན་གྱིས་བཏོན་པའི་རིགས་གཅིག་པའི་སྲིད་ཇུས་མ་དངུལ་ཚང་མ་བསྐྱར་དུ་ལོངས་སྤྱོད་བྱེད་ཀྱི་མེད།

5.དབུལ་སྒྲོལ་རྟོག་འཇལ་དུད་ཚང་གི་བཤས་གཏོང་ཁ་གསབ་ཐད་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་མ་དངུལ་སྔོན་ལ་སྤྱད་དེ་ཚད་གཞི་མཐོ་རུ་འོས་འཚམ་བཏང་ནས་ཧེ་བག་ཅན་གྱི་ཁ་གསབ་ལག་བསྟར་བྱེད་ཆོག

ལྔ། ཁ་གསབ་གོ་རིམ།

མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  རྩ་དོན་ཐོག་དུད་ཚང་གིས་རེ་ཞུ་བྱེད་པ་དང་། གྲོང་ཚོས་ཞིབ་བཤེར་བྱེད་པ། ཡུལ་ཚོའི་བཤེར་འབེབས་བྱེད་པ། རྫོང་གིས་འཐེན་བཤེར་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ལས་དོན་སྤེལ་བ་དང་ཞིབ་བཤེར་ཚད་ལོན་བྱུང་རྗེས་ཁ་གསབ་མ་དངུལ་སྤྲོད་དགོས།

(གཅིག)དུད་ཚང་གི་རེ་ཞུ། ཡུལ་ཚོ(གྲོང་རྡལ)ཁག་གི་སྲིད་གཞུང་གིས་དྲིལ་སྒྲོག་དང་ཁྲིད་སྟོན་བྱས་ཏེ། ཆ་རྐྱེན་འཛོམས་པའི་གསོ་ཚགས་དུད་ཚང(ར་བ)གིས་གྲོང་མིའི་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་རེ་ཞུ་བྱེད་དགོས།

(གཉིས)གྲོང་ཚོས་ཞིབ་བཤེར། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གསོ་ཚགས་དུད་ཚང(ར་བ)གིས་ཕུལ་བའི་ཞུ་ཡིག་གཞི་བྱས་ཏེ། དུད་ཚང་དུ་སོང་ནས་ཞིབ་བཤེར་བྱེད་པ་དང་འབྲེལ་ཡུལ་ཚོ(གྲོང་རྡལ)ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ཐོག་མའི་ཞིབ་བཤེར་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། ཡོངས་བསྒྲགས་བྱས་པ་བརྒྱུད(སྤྱི་བསྒྲགས་བྱེད་ཡུན་ཉིན7ལས་མི་ཉུང་བ)སྙན་ཞུའི་ཆ་རྐྱེན་དང་མཐུན་པའི་གསོ་ཚགས་དུད་ཚང(ར་བ)གི་འབྲེལ་ཡོད་དཔྱད་ཡིག་དེ་ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་ལ་སྐྱེལ་དགོས།

(གསུམ)ཡུལ་ཚོའི་བཤེར་འབེབས། ཡུལ་ཚོ(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་གིས་གྲོང་ཚོ་ཁག་གིས་ཕུལ་བའི་ཁ་གསབ་རོགས་དངུལ་སྤྲོད་ཡུལ་དང་། ཁ་གསབ་བྱེད་གྲངས། སྣ་རིགས་སོགས་ཀྱི་ཆ་འཕྲིན་དཔྱད་ཡིག་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བསྡུར་བཤེར་བྱས་ཏེ། ཞིབ་བཤེར་བྱེད་ནོར་མ་བྱུང་ཚེ་རྫོང་རིམ་པའི་ཞིང་ཕྱུགས་སྡེ་ཚན་ལ་སྐྱེལ་དགོས།

(བཞི)རྫོང་གི་འཐེན་བཤེར། རྫོང་རིམ་པའི་ཞིང་ཕྱུགས་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡུལ་ཚོ(གྲོང་རྡལ)ཁག་གིས་ཕུལ་བའི་མིང་ཐོ་དང་འབྲེལ་ཡོད་དཔྱད་གཞིའི་དངོས་ཡོད་རང་བཞིན་དང་ཆ་ཚང་རང་བཞིན་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་པ་མ་ཟད། བསྡུར་ཚད15%ལས་མི་ཉུང་བའི་སྒོ་ནས་ཡུལ་དངོས་ནས་འཐེན་བཤེར་བྱས་ཏེ། སྲིད་ཇུས་ལག་བསྟར་གྱི་གོ་ཆོད་རང་བཞིན་དང་མ་དངུལ་གྱི་བདེ་འཇགས་རང་བཞིན་འགན་ལེན་བྱེད་དགོས།

(ལྔ)ཁ་གསབ་སྤྲོད་པ། རྫོང་རིམ་པའི་ཞིང་ཕྱུགས་སྡེ་ཚན་གྱིས་ཞིབ་བསྡུར་བྱས་པ་བརྒྱུད་ནོར་འཁྲུལ་མེད་རྗེས་མཐའ་མའི་མིང་ཐོ་ཡོངས་བསྒྲགས་བྱེད་དགོས(ཡོངས་བསྒྲགས་བྱེད་ཡུན་ཉིན7ལས་མི་ཉུང་བ་བྱེད་དགོས)། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་ཁ་གསབ་མ་དངུལ་དེ་ནོར་སྲིད་ཀྱིས་གཏན་འབེབས་བྱས་པའི་བྱེད་ཐབས་བརྒྱུད་དེ་གསོ་ཚགས་ར་བར(དུད་ཚང)ཐད་ཀར་སྤྲོད་དགོས།

དྲུག་པ། ལག་བསྟར་གོ་རིམ།

(གཅིག)དུས་མགོའི་དུས་མཚམས།(2025ལོའི་ཟླ8པའི་ཚེས15ཉིན་གོང)རྫོང་ཁག་གི་ཞིང་ཕྱུགས་སྡེ་ཚན་གྱིས་ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་བའི་ཁ་གསབ་ཇུས་གཞི་བཟོས་ནས་དྲིལ་སྒྲོག་སྐུལ་སློང་དང་། མཐིལ་རྟོགས་བརྟག་དཔྱད། ལས་འགན་ཁག་བགོས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་རྫོང་རིམ་པའི་ལག་བསྟར་ཇུས་གཞི་དང་། ལས་རྗེས་གདེང་འཇོག མཆན་བཀོད་བཀའ་ལན་བཅས་སོ་སོར་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ་དང་ཁུལ་ནོར་སྲིད་ཅུ་ལ་ཐོ་འགོད་སྙན་སེང་ཞུ་དགོས།

(གཉིས)ལག་བསྟར་དུས་མཚམས།(2025ལོའི་ཟླ8པའི་ཚེས15ནས་ཟླ11ཚེས25ཉིན)ཐབས་ལམ་མང་པོའི་ཐོག་ནས་ཕྱུགས་རིགས་བཤས་རར་གཏོང་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཕྱུགས་རིགས་བཤས་རར་གཏོང་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ། སྐྱེ་འཕེལ་ཐུབ་པའི་མོ་ཕག་ཡོད་ཚད་ལྗང་མདོག་སྙོམས་སྒྲིག་གི་བར་མཚམས་སུ་རྒྱུན་འཁྱོངས་དང་། ཕྱུགས་ལས་ཐོན་སྐྱེད་ཀྱི་ཁ་གསབ་མ་དངུལ་སྤྲོད་རྒྱུ་དང་ཕྱུགས་རིགས་བཤས་རར་གཏོང་གྲངས་སྡོམ་རྩིས་བྱེད་པ་སོགས་ཀྱི་ལས་དོན་བརྟན་པོ་ཡོང་བ་བྱས་ནས“བཤས་རར་གཏོང་དགོས་རིགས་ཆད་ལྷག་མེད་པར་བཤས་རར་གཏོང་བ་དང་། ཁ་གསབ་སྤྲོད་དགོས་རིགས་ཆད་ལྷག་མེད་པར་ཁ་གསབ་བྱེད་པ། སྡོམ་རྩིས་བྱེད་དགོས་རིགས་ཆད་ལྷག་མེད་པར་སྡོམ་རྩིས་བྱེད་ཐུབ་པ་བྱེད་དགོས། 

(གསུམ)ཕྱོགས་སྡོམ་དུས་མཚམས།(2025ལོའི་ཟླ11པའི་ཚེས25ནས་ཟླ12པའི་ཟླ་མཇུག་བར)ཁུལ་ཡོངས་ཀྱི་ཕྱུགས་རིགས་བཤས་རར་བཏང་ཟིན་པ་དང་། ཁ་གསབ་མ་དངུལ་སྤྲོད་པ། སྐྱེ་འཕེལ་ཐུབ་པའི་ཕྱུགས་རིགས་ལག་ཡོད་ཀྱི་ཚད་སོགས་ཀྱི་གནས་ཚུལ་ཕྱོགས་སྡོམ་དང་བརྡ་ཁྱབ་གཏོང་བ་དང་འབྲེལ་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁ་གསབ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བརྟན་པོ་ཡོང་བར་དབྱེ་ཞིབ་བྱེད་དགོས།

བདུན།  ལས་ཀའི་བླང་བྱ།

(གཅིག)འགན་འཁྲིའི་ལས་བགོས་ཞིབ་ཕྲ་བཟོ་དགོས། ཁུལ་རིམ་པའི་ཞིང་ཕྱུགས་སྡེ་ཚན་གྱིས་ཁུལ་ཡོངས་ཀྱི་ཁ་གསབ་ཇུས་གཞི་བཟོས་ནས་ཞིང་ཆེན་དང་ཁུལ་གྱི་མ་དངུལ་བགོ་བཤའ་ཡག་པོ་རྒྱག་རྒྱུའི་འགན་འཁུར་བ་དང་། ཁ་གསབ་རེ་ཞུའི་ཆ་རྐྱེན་དང་བརྒྱུད་རིམ་ཁ་གསལ་བཟོ་བ། ཕྱུགས་རིགས་བཤས་རར་གཏོང་བའི་ཁ་གསབ་བཀོད་གཏོང་དང་མང་ཚོགས་ཀྱི་འབབ་འཕར་སྡོམ་རྩིས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁུར་བ་དང་འབྲེལ་ཁུལ་ནོར་སྲིད་དང་སྡོམ་རྩིས་སོགས་སྡེ་ཚན་དང་མཉམ་དུ་ཕྱུགས་རིགས་བཤས་རར་གཏོང་བ་དང་། དེ་བཞིན་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱས་ནས་ཁ་གསབ་མ་དངུལ་གྱི་ཕན་འབྲས་ཆེ་ཤོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། ཁུལ་ནོར་སྲིད་ཅུས་ཁུལ་རིམ་པའི་ཁ་གསབ་མ་དངུལ་སྤྲོད་པའི་ལས་དོན་གྱི་འགན་འཁུར་བ་དང་ཁ་གསབ་མ་དངུལ་ཚང་མ2025ལོའི་ཟླ8པའི་ཟླ་མཇུག་གོང་རྫོང་ཁག་ལ་སྤྲོད་དགོས། རྫོང་ཁག་གི་མི་དམངས་སྲིད་གཞུང་ནི་ས་གནས་ཁག་གི་ཕྱུགས་རིགས་བཤས་རར་གཏོང་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་མཁན་གཙོ་བོ་ཡིན་པས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཕྱུགས་རིགས་བཤས་རར་གཏོང་རྒྱུ་བརྟན་པོ་ཡོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་ཕྱུགས་རིགས་བཤས་རར་གཏོང་བ་དང་མང་ཚོགས་འབབ་འཕར་གྱི་ལོ་འཁོར་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། རྫོང་རིམ་པའི་ཞིང་ཕྱུགས་སྡེ་ཚན་གྱིས་དོན་འཁྱོལ་ཞིབ་ཕྲ་བྱེད་འགན་འཁུར་ནས་རྫོང་རིམ་པའི་ལག་བསྟར་ཇུས་གཞི་བཟོ་བ་དང་། ཁ་གསབ་ཚད་གཞི་དང་བརྒྱུད་རིམ་ཞིབ་ཚགས་སུ་གཏོང་བ། གསོ་ཚགས་བྱེད་པོར“ཟླ་རེར་བཤས་རར་གཏོང་བ”དང“དུས་བཞིའི་ཆ་སྙོམས་བཤས་རར་གཏོང་བར”སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པ། ཕྱུགས་ལས་ཐོན་སྐྱེད་ཀྱི་ཁ་གསབ་མ་དངུལ་སྤྲོད་པའི་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཁ་གསབ་མ་དངུལ་སྔ་ཙམ་སྤྲོད་པ་དང་། སྔ་ཙམ་དོན་འཁྱོལ་བྱེད་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། ཁ་གསབ་མ་དངུལ་ཆེད་དངུལ་ཆེད་སྤྱོད་བྱས་ཏེ་མི་སྣའི་གླ་ཕོགས་སྤྲོད་པ་དང་། སྤྱི་སྤྱོད་གྲོན་དངུལ་ཁ་གསབ་བྱེད་པ། ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བཀའ་རྒྱ་གསལ་བསྒྲགས་བྱས་པའི་ཁྱབ་ཁོངས་སུ་སྤྱོད་མི་ཆོག

(གཉིས)ཐོན་ནུས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། རྫོང་ཁག་གི་ཞིང་ཕྱུགས་སྡེ་ཚན་གྱིས་བཤས་རར་གཏོང་བའི་ཁ་གསབ་དང་སོན་འདྲེན་ཕྱུགས་གསོ་སོགས་དུས་མཇུག་གི་ཐོན་སྐྱེད་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ད་ཡོད་ཀྱི་ཕྱུགས་རིགས་ལག་ཡོད་བཤས་རར་གཏོང་བའི་ཐོན་སྐྱེད་འཆར་གཞི་ཕྱོགས་ཡོངས་ནས་ཞིབ་རྩིས་རྒྱག་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་འཚམ་པའི་ཁ་གསབ་ཇུས་གཞི་བཟོ་བ། སྐྱེ་འཕེལ་ཐུབ་པའི་མོ་ཕྱུགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱུགས་རིགས་གསར་བརྗེའི་འཆར་གཞིའི་རྩིས་ཁྲ་དང་སྔོན་དཔག་སྔོན་བརྡ་བཏང་ནས་ཕྱུགས་རིགས་ལག་ཡོད་དང་བཤས་རར་གཏོང་བའི་གྲངས་ཀ་དོ་སྙོམས་མིན་པའི་སྣང་ཚུལ་གཏན་འགོག་བྱེད་པ་དང་། གསོ་ཚགས་བྱེད་པོར་སྲིད་ཇུས་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱེད་པ་དང་མཉམ་དུ་འགན་འཁྲི་ལག་བསྟར་བྱེད་དུ་བཅུག་ནས་གསོ་སྤེལ་གཞི་ཁྱོན་བརྟན་བརླིང་གིས་གོང་འཕར་ཡོང་བ་མངོན་འགྱུར་བྱེད་དགོས།

(གསུམ)འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྫོང་ཁག་གི་ཞིང་ཕྱུགས་སྡེ་ཚན་གྱིས་ཁ་གསབ་སྲིད་ཇུས་དང་། རེ་ཞུའི་བརྒྱུད་རིམ། ཁ་གསབ་ཚད་གཞི་སོགས་ཀྱི་ཆ་འཕྲིན་རང་འགུལ་ངང་ཡོངས་བསྒྲགས་བྱེད་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་བློ་འདྲི་དང་དོགས་གཞི་སེལ་བ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས“གཉེན་དང་གྲོགས་ལ་དམིགས་བསལ་བཟོ་བ”སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། བྱ་དགའ་དང་ཁ་གསབ་སྲིད་ཇུས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་ཡོང་བ་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཁ་གསབ་མ་དངུལ་རྫུན་ཞུ་དང་། རྫུན་བཟོ། གཡོ་ལེན་བཅས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་དང་ཐག་གཅོད་ནན་པོ་བྱས་ཏེ། ཁ་གསབ་མ་དངུལ་བདེ་འཇགས་དང་ནུས་ཆེའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས།

(བཞི)ལས་རྗེས་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་རིམ་པའི་ཞིང་ཕྱུགས་སྡེ་ཚན་གྱིས་རྫོང་ཁག་གི་ཞིང་ཕྱུགས་སྡེ་ཚན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། དུས་ཐོག་ཏུ་ལས་རྗེས་གདེང་འཇོག་བྱེད་པ་དང་འབྲེལ་རང་དཔྱད་སྙན་ཞུ་ཕུལ་དགོས། ཞིང་ཆེན་རིམ་པའི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རང་དཔྱད་སྙན་ཞུ་གཞིར་བཟུང་ནས་ཕྱོགས་གསུམ་པའི་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་ལས་རྗེས་དམིགས་ཚད་དོན་འཁྱོལ་བྱས་ཚུལ་ལ་འཐེན་བཤེར་དཔྱད་དཔོག་བྱ་རྒྱུ་དང་། གདེང་འཇོག་བྱས་འབྲས་དེ་དུས་མཇུག་གི་ཁ་གསབ་མ་དངུལ་བགོ་བཤའི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ།

(ལྔ)དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྫོང་ཁག་གིས་2025ལོའི་ཟླ11པའི་ཚེས25ཉིན་གོང་དུ་ཕྱུགས་རིགས་བཤས་རར་གཏོང་བའི་ལས་འགན་དང་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ནས་རྫོང་ཁག་གི་ཕྱུགས་རིགས་བཤས་རར་གཏོང་བའི་གྲངས་གཞི་དེ་སྡོམ་རྩིས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ཚད་གཞིར་འཛིན་རྒྱུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས2025ལོའི་ཟླ12པའི་ཟླ་མཇུག་གོང་རྫོང་ཁག་གི་ཕྱུགས་རིགས་བཤས་རར་གཏོང་བའི་ལས་འགན་དཔྱད་ཞིབ་ལས་དོན་ལེགས་སྒྲུབ་བྱས་ནས་དཔྱད་ཞིབ་བྱས་འབྲས་དེ་ལོ་འཁོར་རྗེས་མའི་ཕྱུགས་རིགས་བཤས་རར་གཏོང་བའི་ཁུལ་རིམ་པའི་ཁ་གསབ་མ་དངུལ་བགོ་བཤའི་གཞི་འཛིན་སར་བརྩི་རྒྱུ།

སངས་དོན་གྱིས་བསྒྱུར། 


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་མཁར་གྲོང་གི་ལས་བཟོ་པའི་སྨན་བཅོས་འགན་སྲུང་ཐེབས་རྩའི་དངུལ་ཁང་བཅོལ་དངུལ་གྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་གྱི་ལག་བསྟར་བྱེད་ཐབས།
སྐབས་རྗེས་མ། མེད།
མཉམ་སྤྱོད།