དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག(སྟོད་ཆ)

2022-12-23 20:57:41   |   800

རྩོམ་སྒྲིག   སངས་དོན།        ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།       ལོ་ཙཱ། རིག་འཛིན་ཚེ་རིང།        དུས་ཚོད། 2022-12-23  21:00


ལེའུ་དང་པོ། སྤྱིའི་རྩ་དོན།

       དོན་ཚན་དང་པོ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཅིག་སྡུད་དང་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བ་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས། 

     དོན་ཚན་གཉིས་པ། སྲོལ་ཡིག་འདིར་འཁོད་པའི་འཐབ་ཕྱོགས་གཅིག་གྱུར་ཞེས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པ་ཞིག་ཡིན་ཞིང་། དེའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་མཁན། སྤྱི་ཚོགས་རིང་ལུགས་སྲུང་སྐྱོང་བྱེད་པའི་རྒྱལ་གཅེས་མཁན། མེས་རྒྱལ་གཅིག་གྱུར་ལ་བརྩི་སྲུང་བྱེད་མཁན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་མཁན་གྱི་རྒྱལ་གཅེས་མཁན་ཡོངས་ཚུད་པའི་མནའ་འབྲེལ་བཅས་འདུ།

    འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ལེགས་ཆ་དང་འཐབ་ཇུས་བྱེད་ཕྱོགས་ཤིག་དང་། གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ཏང་གི་གྲལ་རིམ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ནོར་བུ་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན།

      དོན་ཚན་གསུམ་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སློབ་སྟོན་བསམ་བློ་དང་ལས་འགན་གཙོ་བོ་ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་བཅས་མཛུབ་སྟོན་དུ་འཛིན་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམིགས་ནས། སྲིད་ཏང་བར་གྱི་འབྲེལ་བ་དང་། མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། རིམ་གྲས་བར་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་ཞབས་འདེགས་ཞུ་བ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བ་དང་མེས་རྒྱལ་རྩབ་ནས་གཅིག་གྱུར་ཡོང་བར་ཞབས་འདེགས་ཞུ་དགོས།

       དོན་ཚན་བཞི་པ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་རྩ་དོན། 

      (གཅིག) ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།

      (གཉིས) རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་རྒྱུན་འཁྱོངས་བྱེད་པ།

    (གསུམ)ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ།

       (བཞི) མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ།

       (ལྔ) གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་རྒྱུན་འཁྱོངས་བྱེད་པ།

       (དྲུག) མནའ་མཐུན་འབྲེལ་བའི་ཁེ་ཕན་ལ་བརྩི་བཀུར་དང་། སྲུང་སྐྱོང་། ལྟ་རྟོག་བཅས་རྒྱུན་འཁྱོངས་བྱེད་པ།

       (བདུན) ཏང་ཕྱིའི་གྲོགས་པོར་རྒྱ་ཁྱབ་ཏུ་འབྲེལ་བ་སྒྲིག་པ་དང་། ཏང་ཕྱིའི་གྲོགས་པོའི་བར་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས་བྱེད་པ།

      (བརྒྱད)གཅིག་གྱུར་གྱི་དམག་འཐབ་ཆེན་མོའི་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱེད་པ།

        དོན་ཚན་ལྔ་པ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་ཁྱབ་ཁོངས།

       (གཅིག) དམངས་གཙོའི་ཏང་ཤོག་གི་ཁོངས་མི། 

      (གཉིས) ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།

       (གསུམ) ཏང་ཕྱིའི་ཤེས་ལྡན་མི་སྣ།

        (བཞི) གྲངས་ཉུང་མི་རིགས་ཀྱི་མི་སྣ།

         (ལྔ) ཆོས་ལུགས་ལས་རིགས་ཀྱི་མི་སྣ།

         (དྲུག) སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ།

         (བདུན) སྤྱི་ཚོགས་ཀྱི་རིམ་གྲས་གསར་བའི་མི་སྣ།

        (བརྒྱད) ཕྱི་རྒྱལ་དང་ཕྱིར་ལོག་པའི་ཕྱི་འགྲིམ་སློབ་མ།

         (དགུ) ཞང་ཀང་དང་ཨའོ་མོན་གྱི་སྤུན་ཟླ།

        (བཅུ) ཐའེ་ཝན་གི་སྤུན་ཟླ་དང་སྐམ་ས་ཆེན་པོའི་གཉེན་ཉེ།

       (བཅུ་གཅིག) ཕྱིར་སྡོད་རང་མི་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས།

       (བཅུ་གཉིས) འབྲེལ་གཏུག་དང་མཐུན་སྒྲིལ་བྱེད་དགོས་པའི་མི་སྣ་གཞན་དག

        འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ཡུལ་ནི་ཏང་ཕྱིའི་མི་སྣ་ཡིན་ལ། གཙོ་བོ་ནི་དེའི་ནང་གི་འཐུས་ཚབ་མི་སྣ་ཡིན།

ལེའུ་གཉིས་པ། རྩ་འཛུགས་ཀྱི་མགོ་ཁྲིད་དང་འགན་འཁྲི།

      དོན་ཚན་དྲུག་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཅིག་སྡུད་དང་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོད་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་དང་འགན་ལེན་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས།

      ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་མཐུན་སྦྱོར་བྱེད་པར་སྣེ་ཁྲིད་དེ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་རང་འཁུར་གྱིས་གཅིག་གྱུར་གྱི་དམག་འཐབ་ཆེན་མོའི་བྱ་བའི་རྣམ་པ་གཏོད་དགོས།

     དོན་ཚན་བདུན་པ། ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་འཛུགས་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ལས་དོན་སྤེལ་ནས། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག མཐུན་སྦྱོར་སློབ་སྟོན། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཏང་ཀྲུང་དབྱང་ལ་གྲོས་གཞི་འདོན་དགོས།

      ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་འཛུགས་པ།

       དོན་ཚན་བརྒྱད་པ། ས་གནས་ཏང་ཨུས་ས་གནས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་གཙོ་བོ་འཁུར་བའི་འགན་འཁྲི་གཙོ་བོ་ནི།

     (གཅིག) ཏང་ཀྲུང་དབྱང་དང་དེ་བཞིན་གོང་རིམ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། འོག་རིམ་ཏང་རྩ་འཛུགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། གཞི་རིམ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་པར་མཐོང་ཆེན་བྱེད་དགོས།

     (གཉིས) འཐབ་ཕྱོགས་གཅིག་གྱུར་གྱི་གནད་དོན་གལ་ཆེན་ལ་དུས་བཀག་ལྟར་ཞིབ་འཇུག་དང་ལས་དོན་གལ་ཆེན་བཀོད་སྒྲིག་བྱས་ནས། ལོ་ལྟར་ཏང་ཀྲུང་དབྱང་ངམ་ཡང་ན་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་ཨུ་ལ་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་གནས་ཚུལ་སྙན་ཞུ་བྱེད་དགོས།

     (གསུམ) དབང་ཚད་ལྟར་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འབྲེལ་བ་ཡོད་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། སྲིད་ཇུས་གལ་ཆེན་བཅས་གཏན་འབེབས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། ལག་བསྟར་རྩ་འཛུགས་ཀྱང་བྱེད་དགོས།

     (བཞི) འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལ་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས། སློབ་གསོ་གཏོང་བར་རྩ་འཛུགས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གི་ནང་དོན་དང་། ཏང་གི་སློབ་གྲྭའི་(སྲིད་འཛིན་སློབ་གླིང་)དང་། ལས་བྱེད་སློབ་གླིང་། སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱི་སློབ་ཁྲིད་ནང་དོན་ནང་འཇུག་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དྲིལ་བསྒྲགས་བྱ་བའི་འཆར་གཞིའི་ནང་འཇུག་དགོས།

    (ལྔ)ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་བླང་བྱ་དོན་འཁྱོལ་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་མགོ་ཁྲིད་ཚན་ཁག་དང་འགན་འཁུར་པ་གཙོ་བོ་ལེགས་འདེམས་དང་ཧྲག་སྒྲིག་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

      (དྲུག)རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། འབྲེལ་ཡོད་མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་སྡེ་ཁག་སོགས་ཀྱིས་སྡེ་ཁག་དེ་ག་དང་ལས་ཁུངས་དེ་གའི་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་བསྒྲུབ་དགོས།

      (བདུན) ཏང་ཕྱིའི་འཐུས་ཚབ་མི་སྣ་གསར་རྙེད་དང་། གསོ་སྐྱོང་། བཀོལ་སྤྱོད། དོ་དམ་བཅས་བྱས་ནས། མགོ་ཁྲིད་ལས་བྱེད་པ་དང་ཏང་ཕྱིའི་འཐུས་ཚབ་མི་སྣའི་བར་མཐུན་སྒྲིལ་དང་གྲོགས་སྒྲིག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

     སྡེ་ཁག་དང་ལས་ཁུངས་གཞན་པའི་ཏང་ཙུའུ(ཏང་ཨུ)ཡིས་སྔོན་གྱི་གཏན་འབེབས་དོན་ཚན་གཞིར་བཟུང་ནས། དེ་མཚུངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་དང་དེ་བཞིན་རིམ་པ་སོ་སོའི་ཏང་གི་ལས་ཁུངས་ལས་དོན་ཨུ་ལྷན་གྱི་མངགས་བཅོལ་དབང་ཆ་ལྟར། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

     ཏང་ཨུའི(ཏང་ཙུའུ)རིམ་པ་སོ་སོའི་འགན་འཁུར་པ་གཙོ་བོ་ནི་ས་ཁུལ་དེ་ག་དང་། སྡེ་ཁག་དེ་ག ལས་ཁུངས་དེ་གའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་འགན་འཁྲི་འཁུར་མཁན་དང་པོ་ཡིན། ཏང་ཨུ་(ཏང་ཙུའུ)ཡི་མགོ་ཁྲིད་ལས་ཁུངས་ཀྱི་ཁོངས་མིས་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པར་སྣེ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་སྒོ་གལ་ཆེན་ནང་ཞུགས་པར་སྣེ་ཁྲིད། ཏང་ཕྱིའི་མི་སྣ་དང་གྲོགས་པོ་སྒྲིག་པ་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་སྣེ་ཁྲིད་དགོས།

ས་གནས་ཏང་ཨུས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་། སྤྱིར་བཏང་དུ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཧྲུའུ་ཅིས་ཚན་གཙོའི་འགན་འཁུར་དགོས།

      དོན་ཚན་དགུ་པ། ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་ཏང་ཨུས་འཐབ་ཕྱོགས་གཅིག་གྱུར་པུའུ་འཛུགས་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ནི་ཏང་ཨུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཙོ་གཉེར་བྱེད་པའི་འགན་ནུས་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ཀྱི་ཏང་ཨུའི་ཇུས་འདོན་སྒྲིག་གཞི་དང་། རྩ་འཛུགས་མཐུན་སྦྱོར་སྒྲིག་གཞི། ཞིབ་ཕྲའི་ལག་བསྟར་སྒྲིག་གཞི། ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི་བཅས་ཡིན་པས་གནས་ཚུལ་ཤེས་རྟོགས་དང་། སྲིད་ཇུས་དམ་འཛིན། འབྲེལ་བ་མཐུན་སྦྱོར། མི་དོན་བཀོད་སྒྲིག ཐུན་མོང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། མཐུན་སྒྲིལ་ལ་ཤུགས་སྣོན་པ་སོགས་ཀྱི་འགན་འཁྲི་འཁུར་དགོས་པ་སྟེ།

    (གཅིག) ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་བཟུང་བའི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲིད་ཇུས་དང་འཆར་གཞི་བཟོ་འགོད་བྱས་ཏེ། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ་ལ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྙན་ཞུ་བྱེད་དགོས་པ་མ་ཟད་བསམ་འཆར་དང་གྲོས་གཞིའང་འདོན་དགོས།

     (གཉིས) འཐབ་ཕྱོགས་གཅིག་གྱུར་བྱ་བར་གཅིག་གྱུར་གྱིས་མཐུན་སྦྱོར་དང་ཁྲིད་སྟོན་བྱེད་པ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པར་རྩ་འཛུགས་དང་མཐུན་སྦྱོར་བྱེད་དགོས།

    (གསུམ) ཏང་ཕྱིའི་འཐུས་ཚབ་མི་སྣ་གསར་རྙེད་དང་། འབྲེལ་གཏུག གསོ་སྐྱོང་བཅས་བྱེད་པར་འགན་འཁུར་བ་དང་། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་མགོ་ཁྲིད་འོག་ཏང་ཕྱིའི་འཐུས་ཚབ་མི་སྣར་ཆབ་སྲིད་ཀྱི་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་སྒོས་ཏང་ཕྱིའི་འཐུས་ཚབ་མི་སྣས་སྲིད་གཞུང་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་སོགས་ཀྱི་མགོ་ཁྲིད་ཀྱི་ལས་འགན་འཁུར་དུ་འཇུག་པར་བཀོད་སྒྲིག་བཟང་པོ་བྱེད་དགོས།

     (བཞི) དམངས་གཙོའི་ཏང་ཤོག་དང་འབྲེལ་གཏུག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ལས་དོན་ལ་སྣེ་ཁྲིད་དང་མཐུན་སྦྱོར། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་འགན་འཁྲི་ལག་བསྟར་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་དང་རོགས་རམ་བཅས་བྱེད་དགོས།

      (ལྔ) ཏང་ཕྱིའི་ཤེས་ལྡན་མི་སྣར་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་དགོས།

     (དྲུག) མི་རིགས་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་དང་། མི་རིགས་ལས་དོན་སྡེ་ཁག་ལ་མགོ་ཁྲིད་བྱས་ནས་ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱེད་དགོས།

   (བདུན)ཆོས་ལུགས་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ་དང་། ཆོས་ལུགས་ལས་དོན་སྡེ་ཁག་ལ་མགོ་ཁྲིད་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས།

    (བརྒྱད) སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་དང་དོན་འཁྱོལ་བྱེད་པར་ཟབ་ཞུགས་དང་། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣར་གཅིག་གྱུར་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་དགོས།

     (དགུ) སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་གཅིག་གྱུར་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་དགོས།

      (བཅུ) འབྲེལ་ཡོད་སྡེ་ཁག་གིས་མཉམ་གཅིག་ཏུ་ཞང་ཀང་དང་ཨའོ་མོན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་བ་དང་། ཐའེ་ཝན་ལ་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་དགོས།

    (བཅུ་གཅིག) རྒྱལ་ཁབ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་གཅིག་གྱུར་གྱིས་མགོ་ཁྲིད་དང་། ཕྱིར་སྡོད་རང་མིའི་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཚོགས་པའི་ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བཅས་བྱེད་དགོས།

     (བཅུ་གཉིས) འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་འཛུགས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།

    (བཅུ་གསུམ) འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྲོད། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་བྱ་བ་སྒྲུབ་པའི་འགན་འཁུར་དགོས། 

     (བཅུ་བཞི) འོག་རིམ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་སློབ་སྟོན་དང་། རིམ་པ་གཅིག་གིས་དམའ་བའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལ་གཞོགས་འདེགས་དང་དོ་དམ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་མཐུན་སྦྱོར། མི་རིགས་དང་ཆོས་ལུགས་ལ་སོགས་པའི་ལས་སྒྲུབ་སྡེ་ཁག་གི་མགོ་ཁྲིད་ལས་ཁུངས་ཀྱི་ཁོངས་མི་འོས་སྦྱོར་བྱེད་པའི་ལས་དོན་ལེགས་སྒྲུབ་བྱེད་པར་གཞོགས་འདེགས། སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི་མཐུན་སྦྱོར་ལ་གཞོགས་འདེགས་བྱེད་པར་ཤུགས་སྣོན། སྲིད་དོན་ཟབ་ཞུགས་ཁང་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་ལ་བྱ་བར་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ལ་མགོ་ཁྲིད། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་བྱ་བར་མཛུབ་སྟོན། སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་སློབ་སྟོན་དང་དོ་དམ་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་ཁུངས་དང་ཚོགས་སྤྱིར་དོན་དམ་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས། 

      (བཅོ་ལྔ) རིམ་པ་མཉམ་པའི་ཏང་ཨུ་དང་གོང་རིམ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྤྲད་པའི་ལས་འགན་གཞན་དག་ཡོངས་འགྲུབ་བྱེད་དགོས།

དོན་ཚན་བཅུ་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུས་མངགས་པའི་ལས་ཁུངས་སུ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྒྲིག་གཞི་འཛུགས་པ། ཤང་(གྲོང་རྡལ་དང་སྲང་ལམ)གི་ཏང་གི་རྩ་འཛུགས་ཀྱི་ཁོངས་མིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁུར་དགོས་པ་དང་། དེའི་ནང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལས་འགན་ལྕི་བར་ཆེད་དུ་འགན་འཁུར་མཁན་ཁ་གསལ་གཏན་འབེབས་བྱེད་དགོས། འབྲེལ་ཡོད་མི་དམངས་ཚོགས་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁུར་དགོས་པ་ཁ་གསལ་གཏན་འབེབས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་ལྕི་བའི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཨུ་ལ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྒྲིག་གཞི་འཛུགས་པ་དང་། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཨུ་གཞན་དག་གིས་དེ་མཚུངས་ཀྱི་སྒྲིག་གཞིར་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁུར་དགོས་པ་ཁ་གསལ་གཏན་འབེབས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་ལྕི་བའི་རྒྱལ་གཉེར་ཁེ་ལས་ཆེ་གྲས་ཀྱི་ཏང་ཨུ་(ཏང་ཙུའུ་)ཡིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་འགན་འཁུར་མཁན་གྱི་ལས་ཁུངས་དང་མི་སྣ་ཁ་གསལ་གཏན་འབེབས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལས་འགན་ལྕི་བའི་སྡེ་ཁག་གཞན་དག་གི་ཏང་ཙུའུ(ཏང་ཨུད)ཡིས་འབྲེལ་ཡོད་སྒྲིག་གཞིའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁུར་དགོས་པ་ཁ་གསལ་གཏན་འབེབས་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་སྤྱིར་བཏང་དུ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་འཁུར་དགོས་པ་དང་། རྫོང་རིམ་པའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་འགན་གཅིག་ལྕོགས་སུ་འཁུར་དགོས། རྒྱུན་ལྡན་གྱི་བྱ་བའི་ལས་བགོས་འགན་གཉེར་བྱེད་མཁན་པུའུ་ཀྲང་གཞོན་པའི་འགན་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པ་རྒན་པར་གཞིགས་ནས་བསྐོ་གཞག་བྱེད་དགོས། མི་རིགས་དང་ཆོས་ལུགས་ལས་དོན་སྡེ་ཁག་གི་འགན་འཁུར་པ་གཙོ་བོའི་ཆ་རྐྱེན་འཛོམས་ན། རིམ་པ་མཉམ་པའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་ཆོག བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ་ཡི་ཧྲུའུ་ཅིའ་འགན་རིམ་པ་མཉམ་པའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པས་འགན་འཁུར་དགོས་པ་དང་། མཐོ་རིམ་སློབ་གྲྭའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གིས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་འཁུར་དགོས་པའམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཨུའི་ཨུ་ཡོན་གྱི་འགན་འཁུར་དགོས།

ལེའུ་གསུམ་པ། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ལས་དོན།

      དོན་ཚན་བཅུ་གཉིས་པ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པ་དང་། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ལ་ཟེར་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས། 

      དམངས་གཙོའི་ཏང་ཤོག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པ་དང་ལེན་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་གྲོགས་པོའི་ཏང་ལ་ཟེར་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་པོ་དང་། ལག་རོགས་པ་བཟང་པོ། ལས་གྲོགས་བཟང་པོ་ལ་ཟེར་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ལ་ཡང་ཟེར།

      ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ནི་སྲིད་ཏང་གང་ལ་ཡང་ཞུགས་མེད་པ་དང་། སྲིད་ཞུགས་སྲིད་མོལ་གྱི་འདུན་པ་དང་ནུས་པ་ཡོད་པ། སྤྱི་ཚོགས་ལ་ཧུར་ཐག་གིས་ལེགས་སྐྱེས་འབུལ་མཁན་དང་ཤུགས་རྐྱེན་ངེས་ཅན་ལྡན་པ་བཅས་ཀྱི་མི་སྣ་ལ་ཟེར་ཞིང་། དེའི་བྱེད་པོ་ནི་ཤེས་ལྡན་པ་ཡིན།

     དམངས་གཙོའི་ཏང་ཤོག་གི་གཞི་རྩའི་འགན་ནུས་ནི་སྲིད་ཞུགས་སྲིད་མོལ་དང་། དམངས་གཙོའི་ལྟ་སྐུལ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཆབ་སྲིད་གྲོས་མོལ་ནང་ཞུགས་མཁན་བཅས་ལ་ཟེར། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་དམངས་གཙོའི་ཏང་ཁག་ལ་ཟུར་ལྟ་བྱས་ཏེ་འགན་ནུས་ལག་བསྟར་བྱེད་དགོས།

     དོན་ཚན་བཅུ་གསུམ་པ། སྲིད་ཏང་གྲོས་མོལ་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་བར་གྱི་ཆབ་སྲིད་གྲོས་མོལ་ལ་ཟེར། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ནི་ཆབ་སྲིད་གྲོས་མོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྲིད་ཏང་གྲོས་མོལ་ནང་ཞུགས་དགོས། སྲིད་ཏང་གྲོས་མོལ་ལ་གཙོ་བོ་གཤམ་གསལ་གྱི་ནང་དོན་དག་ཚུད་ཡོད་དེ། དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་དང་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་དང་། ཏང་ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུའི་འབྲེལ་ཡོད་ཡིག་ཆ་གལ་ཆེན་གཏན་འབེབས་དང་བཟོ་བཅོས་རྒྱག་པ། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པར་གྲོས་གཞི་འདོན་པ། འབྲེལ་ཡོད་བཅའ་ཁྲིམས་གལ་ཆེན་གཏན་འབེབས་བྱེད་པ་དང་། བཟོ་བཅོས་རྒྱག་པར་གྲོས་གཞི་འདོན་པ། འབྲེལ་ཡོད་ས་གནས་གལ་ཆེན་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་གཏན་འབེབས་དང་བཟོ་བཅོས་རྒྱག་པར་གྲོས་གཞི་འདོན་པ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཁྲིམས་ཁང་གི་ཡོན་ཀྲང་། ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་གྲོས་འདོན་འོས་མི་དང་། འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཀྱི་གལ་ཆེའི་གནད་དོན་དང་འབྲེལ་བ་ཡོད་པ་བཅས་ཡིན།

      ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་ཏང་ཨུས་གཏན་འབེབས་བྱས་པའི་གོ་རིམ་ལྟར་སྲིད་ཏང་གྲོས་མོལ་བྱེད་དགོས།

     དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ་དང་སྲིད་གཞུང་གི་གྲོས་མོལ་སྲིད་གྲོས་ཀྱི་གྲོས་མོལ་དང་། དེ་བཞིན་ཕྱོགས་གཞན་པའི་གྲོས་མོལ་བཅས་ལ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས།

      དོན་ཚན་བཅུ་བཞི་པ། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་སྲིད་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་པའི་ནང་དོན་གཙོ་བོ་ནི། རྒྱལ་ཁབ་ཀྱི་སྲིད་དབང་ནང་ཞུགས་པ་དང་། བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་མགོ་ཁྲིད་པ་གལ་ཆེན་འདེམས་པའི་གྲོས་མོལ་ནང་ཞུགས་པ། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པ། རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་དང་ལག་བསྟར་ནང་ཞུགས་པ་བཅས་ཡིན།

     ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་ཡིན་པའི་རྒྱལ་ནང་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་དང་ཕྱི་དོན་གལ་ཆེན་གྱི་བྱེད་སྒོར། གཅིག་གྱུར་གྱིས་བཀོད་སྒྲིག་དང་བྱ་བའི་དགོས་མཁོ་ལྟར། དམངས་གཙོའི་ཏང་ཤོག་གི་ཀྲུང་དབྱང་གི་འགན་འཁུར་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མིའི་མི་སྣ་ཟབ་ཞུགས་བྱེད་པར་གདན་འདྲེན་ཞུས་ཆོག

དོན་ཚན་བཅོ་ལྔ་པ། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་གིས་ཕན་ཚུན་ལ་ལྟ་སྐུལ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་མགོ་ཁྲིད་དང་སྲིད་སྐྱོང་གི་གནས་བབ་ཐོག་བཞག་ནས། རང་རྟོགས་སྒོས་དམངས་གཙོའི་ཏང་ཤོག་གི་ལྟ་སྐུལ་དང་ལེན་བྱེད་དགོས།

      དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། ཆབ་སྲིད་གྲོས་མོལ་དང་བརྟག་དཔྱད་དང་རྟོག་ཞིབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ནང་ཞུགས་པ། ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། ཏང་ཨུའི་བཀའ་མངགས་ལྟར་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཆེད་དོན་ལྟ་སྐུལ་བྱེད་པ་སོགས་ཀྱི་ལས་དོན་ནང་བསམ་འཆར་དང་སྐྱོན་བརྗོད་གྲོས་གཞི་འདོན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་ལ་དམངས་གཙོའི་ལྟ་སྐུལ་བྱེད་དགོས།

དོན་ཚན་བཅུ་དྲུག་པ། ཏང་ཨུ་རིམ་པ་སོ་སོས་དམངས་གཙོའི་ཏང་ཤོག་གི་བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་དང་། རྩ་འཛུགས་ལེགས་སྐྱོང་། འགན་ནུས་སྒྲུབ་ནུས། སྤྱོད་ཚུལ་ལེགས་སྐྱོང་། ལམ་ལུགས་ལེགས་སྐྱོང་བཅས་བྱེད་པར་སྟོབས་ཤུགས་སྣོན་དགོས་པ་མ་ཟད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་རང་ངོས་ལེགས་སྐྱོང་སྟོབས་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་དགོས།

      དམངས་གཙོའི་ཏང་ཤོག་གིས་ལས་ཁུངས་དང་། སྒྲིག་ཁོངས། འགྲོ་གྲོན། གཞུང་ལས་བྱེད་གནས། ལས་བྱེད་པས་བསམ་བློ་བརྗེ་རེས་དང་འགན་འཁྱེར་སྦྱོང་བརྡར་སོགས་པའི་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་འགན་འཁྲི་ལག་བསྟར་བྱེད་པར་དགོས་ངེས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས། །


མཉམ་སྤྱོད།