དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མི་ཐུག་འཕྲད་བྱས་པར་ཐུན་མོང་གི་ངོས་འཛིན་ཁག་དྲུག་བྱུང་བ།

2024-12-19 10:30:05   |   93

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཕྱི་འབྲེལ་པུའི་དྲ་ཚིགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


2024ལོའི་ཟླ12པའི་ཚེས18ཉིན། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས23པ་པེ་ཅིང་དུ་བྱས་པ་དེ་ནི་ལོ་ལྔའི་རིང་ཕྱོགས་གཉིས་པོའི་ཐུག་འཕྲད་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།     ཀྲུང་གོ་ཕྱོགས་ཀྱི་དམིགས་བསལ་འཐུས་མི་དང་།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།    ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱིས་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི།    རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་བ་ཏུའོ་ཝའར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཁ་ཧྲན་ཞལ་འཛོམས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་གཞིགས་ནས་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ངོ་བོའི་རང་བཞིན་གྱི་གྲོས་བསྡུར་བྱས་པ་དང་འབྲེལ་ཐུན་མོང་གི་ངོས་འཛིན་དྲུག་བྱུང་བ་སྟེ།     

གཅིག ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོས་མཐའ་མཚམས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཐག་གཅོད་ཇུས་གཞིར་གྲོས་མཐུན་བྱུང་བར་གདེང་འཇོག་ཧུར་ཐག་གནང་ཞིང་། ཇུས་གཞི་དོན་འཁྱོལ་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་དགོས་པ་བསྐྱར་བསྒྲགས་བྱས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངོས་ཐད་ནས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་བཟོ་མི་རུང་བར་སྙམ།    ཕྱོགས་གཉིས་པོས་མུ་མཐུད་དུ་བྱ་ཐབས་སྤྱད་དེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་ཡག་པོ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཞི་བདེ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།     

གཉིས།    ཕྱོགས་གཉིས་པོས2005ལོར་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་འཐུས་མིས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པར་གྲོས་མཐུན་བྱུང་བའི་ཆབ་སྲིད་ཀྱི་མཛུབ་སྟོན་རྩ་དོན་ལྟར།    མུ་མཐུད་དུ་དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་ཆ་ཚང་འཚོལ་ཞིབ་བྱེད་པ་དང་།    ད་དུང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་འཕེལ་རིམ་དེར་སྐུལ་འདེད་གཏོང་དགོས་པ་བསྐྱར་སྒྲོག་བྱས།     

གསུམ།    ཕྱོགས་གཉིས་པོས་མཐའ་མཚམས་ཀྱི་དུས་བབ་ལ་དཔྱད་དཔོག་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དོ་དམ་ཚོད་འཛིན་སྒྲིག་སྲོལ་སྔར་བས་ཞིབ་ཚགས་སུ་གཏོང་རྒྱུ་དང་།    ཡིད་ཆེས་བྱེད་ཐབས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།    མཐའ་མཚམས་རྒྱུན་མཐུད་ཞི་བདེ་ལྷིང་འཇགས་ཡོང་བ་བྱ་རྒྱུ་བཅས་ཀྱི་མོས་མཐུན་གནང་བ་རེད།     

བཞི།    ཕྱོགས་གཉིས་པོས་མུ་མཐུད་དུ་ས་མཚམས་ལས་བརྒལ་བའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་སུ་གནས་མཇལ་དང་།    ས་མཚམས་ལས་བརྒལ་བའི་གཙང་པོའི་མཉམ་ལས།    རྣ་ཐོས་ལའི་མཐའ་མཚམས་ཉོ་ཚོང་སོགས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།     

ལྔ།    ཕྱོགས་གཉིས་པོས་དམིགས་བསལ་འཐུས་མི་ཐུག་འཕྲད་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱི་འབྲེལ་དང་དམག་དོན་གྲོས་མོལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་པ་དང་འབྲེལ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ལས་དོན་གྲོས་མོལ་དང་མཐུན་སྦྱོར་ལས་དོན་ལམ་སྲོལ(WMCC)ལ་ད་རེས་ཀྱི་དམིགས་བསལ་འཐུས་མི་ཐུག་འཕྲད་ཀྱི་རྗེས་མཐུད་དོན་འཁྱོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱའང་བཏོན་པ་རེད།     

དྲུག ཕྱོགས་གཉིས་པོས་སང་ལོར་རྒྱ་གར་དུ་རེས་སྐོར་གསར་པའི་དམིགས་བསལ་འཐུས་ཚབ་ཐུག་འཕྲད་བྱ་རྒྱུ་དང་ཞིབ་ཕྲའི་དུས་ཚོད་ནི་ཕྱི་འབྲེལ་ཐབས་ལམ་བརྒྱུད་གྲོས་མོལ་བྱ་རྒྱུའི་མོས་མཐུན་གནང་བ་བཅས་རེད།     

གཞན་ཡང་། ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཕྱོགས་གཉིས་དང་།    རྒྱལ་སྤྱི།    ས་ཁུལ་བཅས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་རྒྱ་ཁྱབ་དང་གཏིང་ཟབ་གནང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཐད་དུ་ཀྲུང་གོ་དང་རྒྱ་གར་གྱི་བརྟན་ལྷིང་དང་སྔོན་དཔག་ཐུབ་པའི་འབྲེལ་བ་གལ་ཆེན་ཡིན་ལུགས་ནན་བཤད་གནང་བ་རེད།     


མཉམ་སྤྱོད།