དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་དབྱིན་ཡིག་ཨ་རིའི་གཞུང་ཕྱོགས་སྐད་ཡིག་ཏུ་གཏན་འཁེལ་བྱས།

2025-03-03 10:28:53   |   1080

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས1ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་སྲིད་འཛིན་བཀའ་རྒྱ་བསྒྲགས་ཏེ་དབྱིན་ཡིག་ཨ་རིའི་གཞུང་ཕྱོགས་སྐད་ཡིག་ཏུ་གཏན་འཁེལ་བྱས།

སྲིད་འཛིན་བཀའ་རྒྱའི་ནང་གཞུང་ཕྱོགས་ཀྱི་སྐད་ཡིག་གཅིག་གཏན་འཁེལ་བྱེད་པ་ནི“ཨ་རིའི་ཁེ་ཕན་ལེགས་ཤོས་དང་མཐུན་པ་”དང་། དེའི་དམིགས་ཡུལ་ནི“མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་དམངས་ཡོངས་ཀྱི་ཐུན་མོང་གི་ཨ་རིའི་རིག་གནས་གསོ་སྐྱོང་བྱས་ཏེ་སྲིད་གཞུང་འཁོར་སྐྱོད་རྒྱུན་མཐུད་ཐུབ་པར་འགན་ལེན་བྱེད་པ”སོགས་ཡིན་པས་དེ་བརྡ་སྤྲོད་པར་བདེ་བ་མ་ཟད།“ཐུན་མོང་གི་རྒྱལ་ཁབ་ཀྱི་རིན་ཐང་ལྟ་བ་སྐྱེད་པ་དང་སྤྱི་ཚོགས་ཀྱི་གོང་འགྲིལ་ཤུགས་དང་ལས་ཆོད་ཆེ་རུ་གཏོང་ཐུབ”ཅེས་འཁོད་ཡོད།

1.jpg

“ཨ་རི་བ་གསར་པ”ཞིག་ལ་མཚོན་ན།“དབྱིན་སྐད་བཤད་ན་དཔལ་འབྱོར་ཐད་ནས་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་བདེ་བ་མ་ཟད་ཁོང་ཚོ་སྤྱི་ཚོགས་ནང་མཉམ་འདྲེས་དང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུར་རོགས་རམ་བྱེད་ཐུབ་ལ། སྤྱི་ཚོགས་ལའང་ལེགས་སྐྱེས་འབུལ་ཐུབ”ཅེས་བཤད།

ཁྲོམ་ཕུས་དམངས་གཙོ་ཏང་ཁོངས་ནས་ཡིན་པའི་ཙུང་ཐུང་པེར·ཁེ་ལིན་ཏུན་གྱིས་སྲིད་འཛིན་སྐབས་ཀྱི་སྲིད་འཛིན་བཀའ་རྒྱ་མེད་པར་བཟོ་དགོས་པའི་བཀའ་བཏང་བ་དང་། དེས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་ཁག་གིས་དབྱིན་ཡིག་གི་ཆུ་ཚད་ཅུང་དམའ་བའི་མི་ཚོགས་ལ་ཁོང་ཚོས་མཁོ་འདོན་བྱས་པའི་ཞབས་ཞུ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

འོན་ཀྱང་ཙུང་ཐུང་གི་སྲིད་འཛིན་བཀའ་རྒྱ་གསར་པའི་ནང་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་ཁག་ལ་མིག་སྔར་མཁོ་འདོན་བྱས་པའི་ཞབས་ཞུ་ཁག་ལ་འགྱུར་ལྡོག་གཏོང་རྒྱུའི་བཙན་ཤེད་ཀྱི་བླང་བྱ་བཏོན་མེད་པ་དང་དབྱིན་ཡིག་མིན་པའི་ཡིག་ཆ་དང་། ཐོན་རྫས། ཞབས་ཞུ་གཞན་དག་བཅས་མཁོ་འདོན་བྱེད་མཚམས་འཇོག་མི་དགོས་ཞེས་བཤད་ཡོད།

2.jpg

ཨ་རི་སྲིད་གཞུང་གི་དྲ་ཚིགས་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ཨ་རིར་གཞུང་ཕྱོགས་ཀྱི་སྐད་ཡིག་མེད་པ་དང་དབྱིན་ཡིག་ནི་ཨ་རིའི་སྤྱོད་རྒྱ་ཆེས་ཆེ་བའི་སྐད་ཡིག་ཡིན། མངའ་སྡེ་ཁག་ཅིག་གིས་དེ་སྔོན་དབྱིན་ཡིག་གཞུང་ཕྱོགས་ཀྱི་སྐད་ཡིག་ལ་གཏན་འཁེལ་བྱས་ཡོད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་བཅུ་ཕྲག་ཁ་ཤས་རིང་རྒྱལ་ཚོགས་ཀྱི་གྲོས་མི་ཁག་ཅིག་གིས་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་དབྱིན་ཡིག་གཞུང་ཕྱོགས་ཀྱི་སྐད་ཡིག་ཏུ་གཏན་འཁེལ་བྱེད་རྩིས་བྱས་མོད་འོན་ཀྱང་གྲུབ་འབྲས་ཐོབ་མེད།

ཧྥ་རན་སེ་གསར་འགྱུར་ཁང་གིས2019ལོར་ཨ་རིའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་དྲངས་པར་གཞིགས་ན། ཨ་རིའི་མི་ཁྲི6800ཙམ་གྱིས་ཁྱིམ་དུ་དབྱིན་སྐད་བཤད་བཞིན་མེད། དེའི་ནང་མི་ཁྲི4000ལྷག་ཙམ་གྱིས་ཁྱིམ་དུ་སི་ཕེན་གྱི་སྐད་བཤད་བཞིན་ཡོད།

ཕོ་བྲང་དཀར་པོའི་དྲ་ཚིགས་ཀྱི་སི་ཕེན་སྐད་ཀྱི་པར་གཞི་དེ་ཁྲོམ་ཕུས་ཙུང་ཐུང་དང་པོའི་འགན་འཁུར་ཡུན་ནང་སྒོ་བརྒྱབ་པ་དང་པའེ་ཏེང་གིས་ཙུང་ཐུང་གི་འགན་འཁུར་རྗེས་སླར་ཡང་སྒོ་ཕྱེས། ད་ལོའི་ཟླ་དང་པོར་ཁྲོམ་ཕུས་སླར་ཡང་ཙུང་ཐུང་གི་འགན་འཁུར་རྗེས། ཕོ་བྲང་དཀར་པོའི་དྲ་ཚིགས་ཀྱི་སི་ཕེན་གྱི་པར་གཞི་སླར་ཡང་སྒོ་བརྒྱབ། སྐབས་དེར་ཕོ་བྲང་དཀར་པོས་སེ་ཕན་སྐད་ཀྱི་པར་གཞི་སླད་ཕྱིན་སླར་གསོ་བྱ་རྒྱུ་ཡིན་ཞེས་བཤད་མོད། འོན་ཀྱང་མིག་སྔའི་བར་སླར་གསོ་བྱས་མེད།


མཉམ་སྤྱོད།