རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ4པའི་ཚེས1ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་འབར་མའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ས་ཧྲི་ཅེ་ཞིང་ཆེན་ཧྲི་ཅེ་གྲོང་ཁྱེར་དུ་བཅར་འདྲི་བྱེད་པར་སླེབས་ཡོད། གྲོང་ཁྱེར་ཁྱོན་ཡོངས་ཀྱི་སྡོད་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། དངོས་ཟོག་ཧ་ཅང་དཀོན་པོ་ཡོད་པས། ཀྲུང་གོ་བའི་དང་བླངས་ཚོགས་པ་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་གནོད་འཚེ་ཕོག་པའི་མི་དམངས་ཚོར་རོགས་སྐྱོབ་དངོས་ཟོག་བགོ་འགྲེམ་བྱེད་ཀྱི་ཡོད་པ་རེད།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལིའུ་ཁྲང་གིས། ད་ལྟ་ང་ནི་འབར་མའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ཧྲི་ཅེ་ཞིང་ཆེན་ཧྲི་ཅེ་གྲོང་ཁྱེར་དུ་ཡོད། ས་ཡོམ་གྱིས་གྲོང་ཁྱེར་དེའི་ཁང་པར་གཏོར་སྐྱོན་ཚབས་ཆེན་བཟོས་པ་དང་། ཐ་ན་རྦད་དེ་བརྡིབས་པས། མི་མང་པོ་ཞིག་སྡོད་གནས་མེད་པར་གྱུར་ཡོད། མིག་སྔར་སྔར་བཞིན་ཆུ་དང་གློག་ཆད་པས་དངོས་ཟོག་ཧ་ཅང་དཀོན་པོ་འདུག སྤྱི་ཟླ4པའི་ཚེས1ཉིན། མན་ཏེ་ལེ་ནས་ཡོང་བའི་ཀྲུང་གོ་བའི་དང་བླངས་ཚོགས་པ་དེ་གར་སླེབས་ནས་གནོད་འཚེ་ཕོག་པའི་མི་དམངས་ལ་རོགས་སྐྱོབ་དངོས་ཟོག་བགོ་བཞིན་འདུག་ཅེས་བརྗོད་འདུག
ཀྲུང་གོ་བའི་དང་བླངས་ཚོགས་པའི་སྣེ་ཁྲིད་པ་ཏོན་སུའུ་ཅོན་གྱིས། ཐོག་མར་ང་ཚོ་མ་གཏོགས་ཡོང་རྩིས་མེད། འོན་ཀྱང་ང་ཚོའི་བསམ་པར་སྟོབས་ཤུགས་ཧ་ཅང་ཆུང་ཞིང་ཕྱོགས་གང་ཅིའི་ཐད་ལའང་དཀའ་ངལ་ཆེ་ཙམ་ཡོད་པས་ང་ཚོས་སྐད་འཕྲིན་ཐོག་ཉེ་འཁོར་གྱི་མི་ལ་སྐུལ་སློང་བྱས་པས་ཚང་མས་ཞལ་འདེབས་བརྒྱབ་བྱུང་། གཙོ་བོ་འབྲས་དང་། སྣུམ། ཚྭ། སྒོ་ང་། ད་དུང་འཚོ་བའི་མཁོ་ཆས་གཞན་འགའ་ཉོས་པ་ཡིན་ཞེས་བརྗོད་འདུག
གནོད་འཚེ་ཕོག་པའི་མང་ཚོགས་པ་པ་ཝུན་གྱིས། ངའི་ཁྱིམ་གྱི་ཁང་པ་ཚང་མ་བརྡིབས་སོང་། མིག་སྔར་ང་རང་རི་འདབས་སུ་བསྡད་ཡོད། ཟ་མ་ཚང་མ་ཞལ་འདེབས་ལ་བརྟེན་དགོས་ཀྱི་འདུག དེ་རིང་སྟབས་བདེའི་ཐུག་པ་དང་། ཆུ། སིལ་ཟས་རག་བྱུང་། ཀྲུང་གོའི་དང་བླངས་པས་ད་དུང་ང་ཚོར་འབྲས་དང་སྣུམ་ཞལ་འདེབས་བརྒྱབ་བྱུང་བས་རོགས་སྐྱོར་དེ་འདྲ་གནང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་འདུག
ཧྲི་ཅེ་གྲོང་ཁྱེར་གྱི་གཞུང་ལམ་གཞོགས་གཉིས་བརྡིབས་ཡོད་པ་དང་། རྦད་དེ་བརྡིབས་པའི་ཁང་པ་གང་སར་མཐོང་རྒྱུ་ཡོད། ཆེད་ལས་ཀྱི་རོགས་སྐྱོབ་ཚོགས་པ་དཀོན་པའི་དབང་གིས། མི་རྣམས་ཀྱིས་ཚད་ཡོད་ཀྱི་བྱ་ཐབས་སྤྱད་ནས་སྔོག་འདོན་དང་འཚོལ་སྐྱོབ་བྱེད་ཀྱི་ཡོད་ཀྱང་། མི་ཉུང་བ་ཞིག་སྔར་བཞིན་ཞིག་རོའི་འོག་ཏུ་ལུས་ཡོད་པ་རེད། སྨན་ཁང་གི་ནད་ཁང་ལ་གནོད་སྐྱོན་ཕོག་པ་དང་། ཡོམ་ལྷག་རྒྱུན་ཆད་མེད་པར་རྒྱག་གི་ཡོད་པས། སྨན་པ་ཚོས་ནད་པའི་ཉལ་ཁྲི་ཚང་མ་ཁང་པའི་ཕྱི་རོལ་དུ་སྤོས་པ་དང་། ཁང་པར་གནོད་སྐྱོན་ཕོག་པའམ་ཡང་ན་རྦད་དེ་བརྡིབས་པའི་ཁྱིམ་ཚང་ཡང་ཕྱི་རོལ་དུ་ཞག་སྡོད་བྱེད་ཀྱི་ཡོད། མིག་སྔར། གྲོང་ཁྱེར་ཧྲིལ་པོར་གློག་དང་དྲ་བ་ཆད་པས། བཟའ་བཅའ་དང་། ཆུ། སྨན་རྫས་སོགས་དངོས་རྫས་ཧ་ཅང་དཀོན་པོ་ཡོད། ཚོང་པ་ཁག་གཅིག་གིས་རང་འགུལ་ངང་མི་རྣམས་ལ་རིན་མེད་ཀྱི་གློག་གསོག་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད། དང་བླངས་པ་མང་པོ་ཞིག་གིས་གནོད་འཚེ་ཕོག་མཁན་ལ་བཟའ་བཅའ་སྤྲོད་ཀྱི་ཡོད་པ་རེད།
མིག་སྔར་ཧྲི་ཅེ་གྲོང་ཁྱེར་དུ་བསྐྱོད་པའི་ཟམ་ཆེན་སླར་གསོ་ཐུབ་པ་དང་ཆབས་ཅིག་འབར་མའི་ས་གནས་ཁག་གི་རོགས་སྐྱོབ་ཚོགས་པ་དང་། དངོས་ཟོག་སྐྱེལ་འདྲེན་ཚོགས་པ་དེ་བས་མང་བ་ཧྲི་ཅེ་གྲོང་ཁྱེར་དུ་བསྐྱོད་ནས་རོགས་སྐྱོབ་བྱེད་མགོ་ཚུགས་ཡོད་པ་རེད།