དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོར་རྡོ་སྣུམ་ག་ཚོད་དགོས་ན་ང་ཚོས་དེ་ཙམ་གྲ་སྒྲིག་བྱ་ངེས་ཡིན་ཞེས་བཤད།

2025-04-14 11:38:20   |   366

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བའི་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཐ་སི་གསར་འགྱུར་ཁང་གིས་ཟླ4ཚེས12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའི་པུ་ཀྲང་གཞོན་པ་ཨན་ཏེ་ལེ·ལུའུ་ཏེང་ཁེས་ཀྲུང་གོར་རྡོ་སྣུམ་ག་ཚོད་དགོས་ན་ཨུ་རུ་སུས་ཀྲུང་གོར་རྡོ་སྣུམ་དེ་ཙམ་སྐྱེལ་ངེས་ཡིན་ཞེས་བཤད།

གལ་སྲིད་ཨ་མེ་རི་ཁས་ཀྲུང་གོར་རྡོ་སྣུམ་མཁོ་སྤྲོད་མ་བྱས་ཚེ། ཀྲུང་གོས་ཨུ་རུ་སུའི་སྔར་ལས་མང་བའི་རྡོ་སྣུམ་ཉོ་མིན་གྱི་གནད་དོན་ཐད། ལུའུ་ཏེང་ཁེས“ངས་བལྟས་ན་ཀྲུང་གོའི་བྱ་སྤྱོད་དེ་ཐོག་མར་རང་ངོས་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཞིགས་རྒྱུ་རེད། གལ་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་གྱིས་རྡོ་སྣུམ་ཉོ་རྒྱུའི་རེ་བ་བཏོན་ཚེ། ཀྲུང་གོས་དེ་ལྟར་བྱེད་སྲིད་པ་ནི་ང་ཚོ་ཀྲུང་གོའི་གྲོགས་པོའི་གདམ་ག་ཡིན”ཞེས་ལན་བཏབ།

གནས་ཚུལ་སྤེལ་བར་གཞིགས་ན། རིགས་གཅིག་མཁས་ཅན་གྱིས་གལ་ཏེ་མིག་སྔའི་སྒོ་ཁྲལ་གྱི་ཁྲལ་ཕྱོད་རྒྱུན་འཁྱོངས་བྱས་ཚེ། ཨ་རིས་ཀྲུང་གོར་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་འབྱུང་འགྱུར་ཟླ་བ་ཁ་ཤས་རིང་ཀླད་ཀོར་དུ་ཆག་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོས་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་སྤར་བ་དང་བསྟུན་ནས་ཨ་རིའི་མ་བཅོས་རྡོ་སྣུམ་ལས་སྣོན་དེ་ཀྲུང་གོའི་སྣུམ་བཙོ་སྦྱོང་བཟོ་གྲྭའི་ངོས་ནས་བརྗོད་ན་ཁེ་བཟང་མེད་པ་ཞིག་ཡིན།

  འབྲེལ་ཡོད་གནས་ཚུལ་སྤེལ་བར་གཞིགས་ན། ཁྲོམ་ཕུས་ཀྲུང་གོ་དང་གྲོས་མོལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད་ཅེས་བཤད་འདུག

ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་ཟླ4ཚེས13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ་ལི་ཁྲ་ཏེ·ཀེ་ལེ་ནེར་གྱིས་ཁྲོམ་ཕུས་ཀྲུང་གོ་དང་གྲོས་མོལ་བྱས་ཏེ་ཚོང་དོན་ཁ་གཏད་དུ་ལངས་པའི་རྣམ་པ་ལས་སྒྲོལ་བའི་ཐབས་ལམ་འཚོལ་བ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ཀེ་ལེ་ནེར་གྱིས་ཕུའུ་ཁེ་སི་གསར་འགྱུར་འཕྲིན་ལམ་གྱི་ལེ་ཚན་ནང་ཁྲོམ་ཕུ་ནི“གྲོས་མོལ་བྱེད་མཁན་མཁས་ཅན་ཞིག་ཡིན་མོད། འོན་ཀྱང་གྲོས་མོལ་བྱེད་དགོས་ན་ངེས་པར་དུ་གླེང་མོལ་བྱེད་དགོས”ཞེས་བཤད། གཞན་ཡང་ཀེ་ལེ་ནེར་གྱིས་ཁྲོམ་ཕུ“ཞི་བདེའི་གྲོས་མཐུན་ལ་ཡིད་ཆེས་ཡོད”པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཚུལ་བཤད། ཁོས་ལེ་ཚན་ནང“ང་ཚོའི(ཙུང་ཐུང་སྔོན་མ)པའེ་ཏེང་གིས་ལོ་གསུམ་ལྷག་རིང(ཨུ་རུ་སུའི་མགོ་ཁྲིད་པ)ཕུའུ་ཅིང་དང་གླེང་མོལ་མི་བྱེད་པའི་རྣམ་པ་ལས་ཐར་མ་ཐག་ཡིན”ཞེས་བརྗོད་ཡོད།

ཁྲོམ་ཕུས་དེའི་སྔོན་ལ་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ལ“འདྲ་མཚུངས་སྒོ་ཁྲལ”ཟེར་བ་བསྡུ་རྒྱུའི་སྐོར་གྱི་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་པ་དང་འབྲེལ་ཁྲལ་ཕྱོད་ཐེངས་མང་བོར་མཐོ་རུ་བཏང་ཡོད།

ཨ་རིའི“འདྲ་མཚུངས་སྒོ་ཁྲལ”ཟེར་བར་དམིགས་ནས་ཀྲུང་གོས་གཅིག་རྗེས་གཉིས་མཐུད་ངང་ངོ་རྒོལ་བྱེད་ཐབས་མང་པོ་ཁྱབ་བསྒྲགས་བྱས་ཡོད། ཟླ4ཚེས11ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་སྒྲིག་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཟླ4ཚེས12ཉིན་ནས་བཟུང་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་གྱི་ཁྲལ་ཕྱོད84%ནས125%བར་མཐོ་རུ་གཏང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། ད་དུང་མིག་སྔའི་སྒོ་ཁྲལ་གྱི་ཆུ་ཚད་འོག ཨ་རིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་ཁྲོམ་རས་དང་ལེན་བྱེད་མི་ཐུབ་པར་བརྟེན། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་མུ་མཐུད་སྒོ་ཁྲལ་སྤར་ཚེ་ཀྲུང་གོ་ཕྱོགས་ཀྱིས་ཁ་ཡ་མི་བྱེད་ཚུལ་བསྟན།

ཨ་རིས་སྒོ་ཁྲལ་སྤོར་བའི་གནད་དོན་ཐད། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་སྒོ་ཁྲལ་དམག་འཐབ་དང་ཚོང་དོན་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་པས། ཀྲུང་གོ་ཕྱོགས་ལ་རྒྱག་འདོད་མེད་ཀྱང་རྒྱག་རྒྱུར་མི་སྐྲག་ཅེས་བཤད། གལ་ཏེ་ཨ་རི་ཕྱོགས་ཀྱིས་གླེང་མོལ་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཚེ། གནོན་ཤུགས་ཆེན་པོ་སྤྲོད་མཚམས་འཇོག་དགོས་པ་དང་གང་བྱུང་དུ་སྒྲུབ་མི་རུང་། གླེང་མོལ་གང་ཞིག་བྱེད་ནའང་ངེས་པར་དུ་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་སྤེལ་དགོས། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱིས་སྒོ་ཁྲལ་དམག་འཐབ་དང་ཚོང་དོན་དམག་འཐབ་བརྒྱབ་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་འཐབ་རོགས་བྱ་ངེས་ཡིན་ཚུལ་བཤད།


མཉམ་སྤྱོད།