དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡོ་རོབ་མནའ་འབྲེལ་གྱིས་ཨ་རིའི་སྒོ་ཁྲལ་ལ་འགོག་རྒོལ་བྱེད་ཐབས་གྲ་སྒྲིག་བྱ་རྒྱུ་མ་ཟད་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་གཏུག་བཤེར་བྱ་རྒྱུ་རེད།

2025-05-09 11:29:17   |   83

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་ཟླ5པའི་ཚེས8ཉིན་གྱི་གློག་འཕྲིན། ཚེས8ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་སྒོ་ཁྲལ་ལ་ངོ་རྒོལ་བྱེད་པའི་ཚོང་ཟོག་གསལ་ཐོར་སྤྱི་དམངས་ཀྱི་བློ་འདྲི་བྱེད་མགོ་ཚུགས་པ་རེད། དེ་དང་ཆབས་ཅིག ཨ་རིའི“འདྲ་མཚུངས་ཀྱི་སྒོ་ཁྲལ”དང་དེ་བཞིན་རླངས་འཁོར་ཧྲིལ་པོ་དང་ལྷུ་ལག་གི་སྒོ་ཁྲལ་སྲིད་ཇུས་ལ་དམིགས་ནས་ཡོ་རོབ་མནའ་འབྲེལ་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་གཏུག་བཤེར་བྱ་རྒྱུ་རེད།

ཡོ་རོབ་མནའ་འབྲེལ་གྱིས་གལ་ཏེ་ཨ་རི་ཕྱོགས་ཀྱི་གྲོས་མོལ་ལ་གཉིས་ཁེའི་འབྲས་བུ་ཐོན་མེད་པ་དང་སྒོ་ཁྲལ་མེད་པ་བཟོ་རྒྱུར་ཡིད་མཐུན་མ་བྱུང་ཚེ། ཡོ་རོབ་མནའ་འབྲེལ་གྱིས་ཨ་རིའི་ནང་འདྲེན་ཚོང་ཟོག་དེ་དག་ལ་འགོག་རྒོལ་བྱེད་ཐབས་སྤྱོད་སྲིད་ཅེས་བཤད་པ་རེད།  

ཡོ་རོབ་མནའ་འབྲེལ་གྱིས་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལས་མངོན་པར། ཐེངས་འདིའི་བློ་འདྲིའི་དམིགས་ཡུལ་ནི་ཨ་རིས་བསྡུས་པའི“ཡོངས་ཁྱབ་རང་བཞིན་གྱི་སྒོ་ཁྲལ”དང་དེ་བཞིན་རླངས་འཁོར་ཧྲིལ་པོ་དང་ལྷུ་ལག་ལ་དམིགས་པའི་སྒོ་ཁྲལ་ལ་ཁ་གཏད་གཅོག་རྒྱུ་དེ་རེད། བློ་འདྲི་བྱེད་སྒོ་དེ་ཟླ6པའི་ཚེས10ཉིན་བར་སྒོ་འབྱེད་རྒྱུ་ཡིན་པ་དང་། ཨ་རི་ནས་ནང་འདྲེན་བྱས་པའི་ཡོ་སྒོར་དུང་ཕྱུར950(ཡོ་སྒོར་གཅིག་ལ་ཨ་སྒོར1.13ཙམ་ཡིན་པ)ཐོན་རྫས་དང་འབྲེལ་བ་ཡོད། གཙོ་བོ་བཟོ་ལས་དང་ཞིང་ལས་ཐོན་རྫས་ཚུད་ཡོད།

རྨང་གཞི་དེའི་ཐོག ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་འགོག་རྒོལ་བྱེད་ཐབས་ལག་བསྟར་བྱ་རྒྱུའི་གྲོས་མགོ་གཏན་འཁེལ་བྱ་རྒྱུ་དང་འབྲེལ་ཁོངས་མིའི་རྒྱལ་ཁབ་དང་གྲོས་མོལ་བྱ་རྒྱུ་དང་། བརྒྱུད་རིམ་དེ་ལེགས་གྲུབ་བྱུང་རྗེས་འགོག་རྒོལ་བྱེད་ཐབས་ལག་བསྟར་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་གྲ་སྒྲིག་ཡག་པོ་བྱས་ནས་ཨ་རི་ཕྱོགས་དང་གྲོས་མོལ་བྱས་ནས་བློ་ཡིད་ཚིམ་པའི་འབྲས་བུ་མ་ཐོན་སྐབས་ལག་བསྟར་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་རེད།

ཡོ་རོབ་མནའ་འབྲེལ་གྱིས་ཨ་རིས་སྒོ་ཁྲལ་སྤར་བ་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གཞི་རྩའི་སྒྲིག་སྲོལ་ལས་འགལ་ཡོད་ཅེས་བཤད་པ་རེད། ཡོ་རོབ་མནའ་འབྲེལ་གྱི་དམིགས་ཚད་ནི་རྒྱལ་སྤྱིའི་ཐོག་ཁས་ལེན་པའི་སྒྲིག་སྲོལ་གྱི་གལ་ཆེའི་རང་བཞིན་བསྐྱར་བསྒྲགས་བྱ་རྒྱུ་དེ་ཡིན་པ་དང་ཨ་རི་ཚུད་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་སུ་ཞིག་གིས་ཀྱང་ཕྱོགས་རྐྱང་པས་སྒྲིག་སྲོལ་དེ་དག་སྣང་མེད་དུ་གཏོང་མི་རུང་ཞེས་བཤད་པ་རེད། 

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཨ་རི་དང་གྲོས་མོལ་བྱས་པ་བརྒྱུད་ཐག་གཅོད་ཇུས་གཞི་བཟོ་བར་འབད་འབུངས་བྱེད་རྒྱུ་དང་ཆབས་ཅིག “ང་ཚོས་ཀྱང་ཡོང་སྲིད་པའི་དོན་དག་སྣ་ཚོགས་ལ་གྲ་སྒྲིག་བྱེད་ཀྱི་ཡོད། དེ་རིང་མགོ་ཚུགས་པའི་བློ་འདྲིའི་བྱེད་སྒོ་དེས་དགོས་ངེས་ཀྱི་ལས་དོན་དེར་མཛུབ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོང་དོན་དང་དཔལ་འབྱོར་བདེ་འཇགས་ལས་དོན་གྱི་འགན་འཁུར་ཨུ་ཡོན་མ་ལུའོ་ཧྲེ·ཤེ་ཕུའུ་ཆའོ་ཝུའེ་ཆིས“ང་ཚོས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་གཏུག་བཤེར་བྱེད་བཞིན་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་ཚོང་དོན་སྒྲིག་སྲོལ་ལས་འགལ་བའི་ཨ་རིའི་སྒོ་ཁྲལ་ལ་འགྲན་སློང་བྱེད་བཞིན་ཡོད”ཅེས་བཤད།


མཉམ་སྤྱོད།