སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
དབྱིན་ཇིའི་རླུང་འཕྲིན་སྤྱི་གཉེར(BBC)ལས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ས་གནས་དེ་གའི་དུས་ཚོད་ཚེས11ཉིན་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཚེས15ཉིན“ཐད་ཀར་གྲོས་མོལ”བྱ་རྒྱུ་བཏོན་པ་དེ་ནི“དགེ་མཚན་ལྡན་པའི་བརྡ་རྟགས”ཞིག་ཡིན་པ་དང་། ཡུག་རེན་གྱིས་ཨུ་རུ་སུ་ཕྱོགས་དང་ཐུག་འཕྲད་བྱ་རྒྱུ་གྲ་སྒྲིག་བྱས་ཡོད་ཅེས་བཤད།
གནས་ཚུལ་སྤེལ་བའི་ནང་དེ་སྔ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མཚན་གུང་གསུང་བཤད་གནང་སྐབས་ཡུག་རེན“གྲོས་མོལ་ནན་པོ”ནང་ཞུགས་རྒྱུར་གདན་དྲངས་པ་ཡིན། ཙེ་ལན་སི་ཅིས“ང་ཚོས་ཨུ་རུ་སུས་ཟླ5པའི་ཚེས12ཉིན་ནས་མགོ་བརྩམས་ཏེ་ཕྱོགས་ཡོངས་དང་། ཡུན་རིང་། ཡིད་རྟོན་རུང་བའི་དམག་མཚམས་འཇོག་རྒྱུར་ཁས་ལེན་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད། ཡུག་རེན་གྱིས་ཐུག་འཕྲད་བྱེད་པར་གྲ་སྒྲིག་ཡག་པོ་བྱས་ཡོད”ཅེས་བཤད།
《ཅི་ཧྥུ་རང་བཙན་ཚགས་པར》ལས་གནས་ཚུལ་སྤེལ་བར་གཞིགས་ན། ཙེ་ལན་སི་ཅིས་ཟླ5པའི་ཚེས15ཉིན་ཐུར་ཁེར་འགྲོ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་བྱ་རྒྱུ་རེ་སྒུག་བྱས་ཡོད། ཁོང་གིས“ཡུག་རེན་ཕྱོགས་ཀྱིས་གྲོས་མོལ་བྱ་རྒྱུར་གནད་དོན་གང་ཡང་མེད། ང་ཚོས་རྣམ་པ་གང་རུང་གི་གྲོས་མོལ་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན། གཟའ་འཁོར་འདིའི་གཟའ་ཕུར་བུར་ང་རང་ཉིད་ཐུར་ཁེར་འགྲོ་རྒྱུ་ཡིན”ཞེས་བཤད། གནས་ཚུལ་སྤེལ་བའི་ནང་ཅི་ཧྥུ་ཡིས་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་མོད། འོན་ཀྱང་གྲོས་མོལ་གང་ཞིག་ཡིན་རུང་ངེས་པར་དུ་དགྲར་འཛིན་བྱ་སྤྱོད་ཕྱོགས་ཡོངས་ནས་མཚམས་འཇོག་པ་ནས་མགོ་བརྩམས་དགོས་ཞེས་ནན་བཤད་བྱས་ཡོད།
ཙེ་ལན་སི་ཅི་ཡི་ལས་རོགས་གལ་ཆེན་ཞིག་གིས་ངེས་པར་དུ་སྔོན་ལ་དམག་མཚམས་འཇོག་དགོས་པ་དང་། དེ་རྗེས་གཞི་ནས་ཡུག་རེན་གྱི་ཉམས་ཉེན་མཇུག་འགྲིལ་རྒྱུའི་ཐད་ཐད་ཀར་གྲོས་མོལ་བྱེད་ཐུབ་ཅེས་བཤད་པ་རེད། འོན་ཀྱང་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མ་ལི་ཡ·ཀྲ་ཧ་ལུའོ་ཝ་ཡིས་གྲོས་མོལ་དེ་དམག་འཁྲུག་མཚམས་འཇོག་མ་བྱས་གོང་འཚོག་དགོས་པ་ངོས་འཛིན་མཐའ་གཅིག་ཏུ་བྱས་ཡོད།