དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་ཁོ་རེ་ཡའི་འདེམས་བསྐོ་ཆེ་མོ་དངོས་སུ་མགོ་བརྩམས་པ་དང་ཙུང་ཐུང་གསར་པ་བདམས་ཐོན་བྱུང་རྗེས་འཕྲལ་དུ་ལས་འགན་འཁུར་རྒྱུ་རེད།

2025-06-03 09:25:31   |   279

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས3ཉིན་གྱི་ཆུ་ཚོད6པར། ལྷོ་ཁོ་རེ་ཡའི་ཙུང་ཐུང་འདེམས་བསྐོ་སྐབས21པའི་རྒྱལ་ཡོངས་ཀྱི་འདེམས་ཤོག་འཕེན་སའི་ས་ཚིགས14295དངོས་སུ་སྤྱོད་མགོ་ཚུགས་པ་དང་། འདེམས་ཤོག་འཕེན་མཚམས་འཇོག་པའི་དུས་ཚོད་ནི་ཉིན་དེའི་དགོང་མོའི་ཆུ་ཚོད8པའི་བར་ཡིན།

1.jpg

ས་གནས་དེ་གའི་ཟླ5པའི་ཚེས29ཉིན། འདེམས་དམངས་ཀྱིས་ལྷོ་ཁོ་རེ་ཡའི་ཧྲོའར་མ་ཕུའུ་ཆུས་ཀྱི་འདེམས་ཤོག་འཕེན་ས་ཞིག་ཏུ་འདེམས་ཤོག་འཕེན་རྒྱུར་སྒུག་ནས་བསྡད་ཡོད། ཉིན་དེའི་སྔ་དྲོའི་ཆུ་ཚོད་དྲུག་པར། ལྷོ་ཁོ་རེ་ཡའི་ཙུང་ཐུང་འདེམས་བསྐོ་སྐབས21པའི“ལས་འགན་མ་འཁུར་གོང་གི་འདེམས་ཤོག”དེ་རྒྱལ་ཡོངས་ཀྱི་འདེམས་ཤོག་འཕེན་སའི་ས་ཚིགས3568ལས་དངོས་སུ་འཕེན་མགོ་བརྩམས། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཞུས་ཧྲེ་ཡིས་པར་བླངས།

ཚེས3ཉིན་གྱི་ནམ་གུང་གི་སྔ་གཞུག་ཙམ་ལ་ཐོག་མའི་མཇུག་འབྲས་ཤེས་ཐུབ་སྲིད།

གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་ཀྲུང་དབྱང་འདེམས་བསྐོ་དོ་དམ་ཨུ་ལྷན་གྱིས་སྔོན་དཔག་བྱས་པར་གཞིགས་ན། འདེམས་བསྐོའི་མཇུག་འབྲས་དེ་ཉིན་དེའི་དགོང་མོའི་ཆུ་ཚོད12ཙམ་ལ་རགས་ཙམ་ཤེས་ཐུབ་རྒྱུ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་ཙུང་ཐུང་གསར་པར་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཉམས་སད་སྣ་ཚོགས་དང་འཕྲད་ཡོད། དེ་མིན་རྙིང་ཞེན་དང་ཡར་ཐོན་དཔུང་ཁག་བར་གྱི་འགལ་ཟླ་ཞི་ལྷོད་དུ་གཏོང་བ་སོགས་ཀྱང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། སྐབས་འདིའི་འདེམས་བསྐོ་ཆེ་མོ་ནི་ཙུང་ཐུང་ཟུར་པ་དབྱི་ཞི་གཡོད་ལ་ནག་ཉེས་ཐེར་འདོན་བྱས་པའི་རྐྱེན་གྱིས་མགོ་བརྩམས་པ་དང་། ཙུང་ཐུང་གསར་པ་བདམས་ཐོན་བྱུང་རྗེས་ཙུང་ཐུང་གོ་གནས་རྩིས་སྤྲོད་ཨུ་ལྷན་མ་བརྒྱུད་པར་འཕྲལ་དུ་ལས་འགན་འཁུར་རྒྱུ་རེད།

འོས་མི5ཡིས་ཙུང་ཐུང་གི་གོ་གནས་འགྲན་རྩོད་བྱ་རྒྱུ་རེད།

ད་ཐེངས་ཀྱི་འདེམས་བསྐོ་ཆེ་མོར་འོས་མི་བདུན་གྱིས་ལྷོ་ཁོ་རེ་ཡའི་ཀྲུང་དབྱང་འདེམས་བསྐོ་དོ་དམ་ཨུ་ལྷན་དུ་འོས་མི་ཐོ་འགོད་བྱས་མོད། དེའི་ནང་ནས་གཉིས་སྔ་རྗེས་སུ་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་རྒྱལ་དམངས་སྟོབས་ཤུགས་ཏང་གི་འོས་མི་ཅིན་ཝུན་ཀྲུའུ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། དེ་བས་འདེམས་དམངས་ཀྱིས་གདམ་བྱའི་འོས་མི་ལྔ་ལས་ཙུང་ཐུང་གསར་པ་གདམ་རྒྱུ་རེད།

གདམ་བྱའི་འོས་མི་ལྔ་པོ་དེ་དག་སོ་སོ་ནི།

ཐུན་མོང་དམངས་གཙོ་ཏང་གི་འོས་མི་ལི་ཙའེ་མིང་།

རྒྱལ་དམངས་སྟོབས་ཤུགས་ཏང་གི་འོས་མི་ཅིན་ཝུན་ཀྲུའུ།

བཅོས་སྒྱུར་ཏང་གསར་པའི་འོས་མི་ལི་ཅུན་ཞི།

དམངས་གཙོ་ངལ་རྩོལ་ཏང་གི་འོས་མི་ཆོན་དབྱིན་གོ

ཏང་ཤོག་གང་ལའང་མི་གཏོགས་པའི་འོས་མི་སུང་ཀྲེན་ཧའོ་བཅས་ཡིན།

ལི་ཙའེ་མིང་ལ་དམངས་འདོད་བརྟག་དཔྱད་ནང་རེ་བ་ཆེ།

ལྷོ་ཁོ་རེ་ཡའི《གཞུང་འགན་འདེམས་བསྐོའི་བཅའ་ཁྲིམས》ནང་འདེམས་དམངས་ཀྱི་འདེམས་ཤོག་འཕེན་རྒྱུར་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད། དངོས་གཞིའི་འདེམས་ཤོག་འཕེན་པའི་ཉིན་མོའི་གཟའ་འཁོར་གཅིག་གོང་དུ་དམངས་འདོད་བརྟག་དཔྱད་གསར་པ་སྤེལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། དེ་སྔོན་གྱི་དམངས་འདོད་བརྟག་དཔྱད་མང་པོའི་ནང་ལི་ཙའེ་མིང་ལ་རེ་བ་ཆེ།

ལྷོ་ཁོ་རེ་ཡའི་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི“དོན་དངོས་སྡོམ་རྩིས་ཡོ་བྱད”ཀྱིས་ཟླ5པའི་ཚེས28ཉིན་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་བྱས་འབྲས་མཐའ་མ་ལས་མངོན་པ་ལྟར་ན། ལི་ཙའེ་མིང་ལ་རྒྱབ་སྐྱོར་བྱེད་ཚད49.2%ཡིན་པ་དང་། ཅིན་ཝུན་ཀྲུའུ་ཡིས36.8%ཟིན། ལི་ཅུན་ཞིས10.3%ཟིན། ལྷོ་ཁོ་རེ་ཡའི་སྤྱི་ཚོགས་གླེང་ཕྱོགས་ཞིབ་འཇུག་སུའོ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལྟར་ན། ལི་ཙའེ་མིང་ལ་རྒྱབ་སྐྱོར་བྱེད་ཚད49.33%ཟིན་པ་དང་ཅིན་ཝུན་ཀྲུའུ་ལས་བརྒྱ་ཆའི་གྲངས12.7གྱིས་མཐོ།

ཡིན་ནའང་འདེམས་ཤོག་འཕེན་པའི་ཉིན་མོ་ཐོན་ལ་ཉེ་བ་དང་བསྟུན་ནས་རྒྱལ་དམངས་སྟོབས་ཤུགས་ཏང་དང་བཅོས་སྒྱུར་ཏང་གསར་པའི་ཁོངས་སུ་གཏོགས་པའི་རྙིང་ཞེན་ཕྱོགས་ཁག་གིས་མགྱོགས་མྱུར་ངང་ཚོགས་པ་བཙུགས་པས། ཅིན་ཝུན་ཀྲུའུ་དང་ལི་ཅུན་ཞི་ལ་རྒྱབ་སྐྱོར་བྱེད་ཚད་མཐོ་རུ་ཕྱིན་པ་དང་། ཙུང་ཐུང་གི་གོ་གནས་སུ་ལ་ཐོབ་མིན་ད་དུང་མི་ཤེས།


མཉམ་སྤྱོད།