དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་དང་མཇལ་འཛོམས་གནང་བ།

2025-06-20 15:01:50   |   200

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


01.jpeg

ཟླ6པའི་ཚེས20ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་དང་མཇལ་འཛོམས་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་ཧུང་གིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ6པའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཟླ6པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ50ལྷག་ཙམ་སོང་རིང་། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ཆེན་པོའི་ཁོར་ཡུག་དང་འཕྲད་ནའང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཀྲུང་གོ་དང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་ཡུན་རིང་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་བཅུ་ཚན་གཉིས་པ་མགོ་ཚུགས་པའི་མཚམས་སུ། ཕྱོགས་གཉིས་པོས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་དེ་མ་འོངས་པའི་ལོ10ཡི་ནང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས་པ་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ནེའུ་ཕྱོགས་གཉིས་པོས་མཉམ་ལས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཚོང་དོན་དང་དངུལ་འཇོག་མཉམ་ལས་ཟབ་ཏུ་གཏོང་བ། ཚན་རྩལ་གསར་གཏོད་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སློབ་གསོ་དང་། རིག་གནས། གཞོན་ནུ། དམངས་ཁྲོད། ས་གནས་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་གོ་དང་ནེའུ་ཙི་ལན་བར་ལོ་རྒྱུས་ཀྱི་དགའ་སྐྱོ་ཆགས་སྡང་མེད་པ་དང་རྩ་བའི་ཁེ་ཕན་གྱི་འགལ་བ་མེད་པས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱད་པར་དང་མི་མཐུན་པའི་ཆ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་ཡང་དག་བྱེད་དགོས། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་རེད། དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་སྐྲུན་པ་དང་སྲུང་སྐྱོང་པ་ཞིག་ཡིན་པའི་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱེད་པའི་རྒྱལ་སྤྱིའི་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

02.jpeg

ཟླ6ཚེས20ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་དང་མཇལ་འཛོམས་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཧོན་ཁྲེ་ཡིས་པར་བླངས།

ལ་ཁེ་སེན་གྱིས་བསྟན་དོན། ནེའུ་ཀྲུང་འབྲེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་དུ་འཚམས་འདྲི་གནང་ནས་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཚོང་དོན་དང་དངུལ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཞིང་ལས་དང་། ཉ་ལས། འོ་མའི་ལས་རིགས་བཅས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གནས་སྐོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ནེའུ་ཀྲུང་འབྲེལ་བ་དེ་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས་འཛམ་གླིང་ཐོག་ངེས་མེད་རང་བཞིན་གྱིས་ཁེངས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ཀྲུང་གོས་སང་ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་འཚོག་རྒྱུར་ནེའུ་ཙི་ལན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཝང་དབྱི་མཇལ་འཛོམས་ལ་ཞུགས།


མཉམ་སྤྱོད།