དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་ཁོ་རེ་ཡ་དམག་དཔུང་གིས་བྱང་ཁོ་རེ་ཡར་དམིགས་པའི་རླུང་འཕྲིན“རང་དབང་གི་སྐད་སྒྲ”གཏོང་རྒྱུ་ཕྱོགས་ཡོངས་ནས་མཚམས་བཞག་པ།

2025-09-01 15:11:08   |   207

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུས་ཟླ9ཚེས1ཉིན་སྤྱི་བསྒྲགས་སྤེལ་ནས་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་དམག་དོན་ཛ་དྲག་ཞི་ལྷོད་དུ་གཏོང་བའི་བྱ་ཐབས་ཤིག་སྟེ། ལྷོ་ཁོ་རེ་ཡའི་དམག་དཔུང་གིས་ཉིན་འདི་ནས་བཟུང་བྱང་ཁོ་རེ་ཡར་དམིགས་པའི་རླུང་འཕྲིན“རང་དབང་གི་སྐད་སྒྲ”བཟོ་བ་དང་གཏོང་རྒྱུ་ཕྱོགས་ཡོངས་ནས་མཚམས་བཞག་ཡོད་ཅེས་བཤད་པ་རེད། དེ་ནི་ལྷོ་ཁོ་རེ་ཡ་དམག་དཔུང་གིས2010ལོའི“ཐེན་ཨན”རྟགས་ཅན་གྱི་དོན་རྐྱེན་བྱུང་རྗེས་བྱང་ཁོ་རེ་ཡར་དམིགས་པའི“རང་དབང་གི་སྐད་སྒྲ”རླུང་འཕྲིན་སླར་གསོ་བྱས་ཚུན་རླུང་འཕྲིན་དེ་མཚམས་བཞག་པ་ཐེངས་དང་པོ་ཡིན་པ་རེད།

“རང་དབང་གི་སྐད་སྒྲ”ནི་ལྷོ་ཁོ་རེ་ཡ་དམག་དཔུང་སེམས་ཁམས་དམག་འཐབ་ཚོགས་པས་བྱང་ཁོ་རེ་ཡར་དམིགས་པའི་སེམས་ཁམས་དམག་འཁྲུག་གི་ཟུར་ཚད་ནས་བཟོས་པའི་རླུང་འཕྲིན་ལེ་ཚན་ཞིག་ཡིན་པ་དང་། ནང་དོན་གཙོ་བོར་བྱང་ཁོ་རེ་ཡ་སྲིད་དབང་གི་འབྲེལ་ཡོད་གནས་ཚུལ་དང་ལྷོ་ཁོ་རེ་ཡའི་འཕེལ་རྒྱས་གནས་ཚུལ། ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་ལམ་ལུགས་བསྡུར་བ། ལྷོ་ཁོ་རེ་ཡའི་མང་ཚོགས་ཀྱི་རིག་གནས་གསར་ཤོས་སོགས་ཚུད་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་དམག་དཔུང་ཕྱོགས་ཀྱིས་ད་ལོའི་ཟླ6པ་ནས་བཟུང་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་མཐའ་མཚམས་ཀྱི་རླུང་འཕྲིན་རྒྱ་སྐྱེད་གཏོང་མཚམས་བཞག་པ་དང་། དེ་རྗེས་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་མཐའ་མཚམས་སུ་བཙུགས་པའི་བྱང་ཁོ་རེ་ཡའི་སྒྲ་སྐྱེད་སྒྲིག་ཆས་ཕྱིར་འཐེན་བྱས་པ་རེད།

གཞན་ཡང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གསང་འཕྲིན་ཁང་གིས་གཉེར་སྐྱོང་བྱེད་པའི་བྱང་ཁོ་རེ་ཡར་དམིགས་པའི་རླུང་འཕྲིན་དང་བྱང་ཁོ་རེ་ཡར་དམིགས་པའི་བརྙན་འཕྲིན་ལེ་ཚན་ཡང་ཟླ8པར་སྔ་རྗེས་སུ་གཏོང་མཚམས་བཞག་པ་རེད།

2010ལོའི་ཟླ3ཚེས26ཉིན། ལྷོ་ཁོ་རེ་ཡའི་ཕུའུ་ཞང་རིམ་པའི་སྲུང་སྐྱེལ་དམག་གྲུ“ཐེན་ཨན”རྟགས་ཅན་ལྷོ་ཁོ་རེ་ཡའི་ནུབ་རྒྱུད་མཚོ་ཁོངས་སུ་ལས་རེས་བྱེད་སྐབས་འབར་གས་བྱུང་བའི་རྐྱེན་གྱིས་ཆུར་ནུབ་པ་རེད། རྗེས་སུ་ལྷོ་ཁོ་རེ་ཡའི་བརྟག་དཔྱད་བྱས་པ་བརྒྱུད་འབར་གས་དོན་རྐྱེན་དེ་བྱང་ཁོ་རེ་ཡས་བསླངས་པ་རེད་ཅེས་བརྗོད་ཀྱང་བྱང་ཁོ་རེ་ཡས་ཁས་མ་བླངས་པ་རེད།


མཉམ་སྤྱོད།