དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་མིང་རྟགས་བཀོད་ནས། ཨ་རི་དང་ལྗར་པན་གྱི་ཚོང་དོན་གྲོས་མཐུན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ།

2025-09-08 16:12:04   |   83

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


6ce4b91870e1c78a093caa9db571969a.jpg

ས་གནས་དེ་གའི་དུས་ཚོད་ཟླ9ཚེས4ཉིན། ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ནས་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ། ཨ་རི་དང་ལྗར་པན་གྱི་ཚོང་དོན་གྲོས་མཐུན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

གསལ་བསྒྲགས་ནང་གྲོས་མཐུན་དེར་གཞིགས་ནས་ཨ་རིར་འབྱོར་བའི་ལྗར་པན་གྱི་ནང་འདྲེན་ཐོན་རྫས་ཡོངས་ལ་རྨང་གཞིའི་སྒོ་ཁྲལ15%བསྡུ་རྒྱུ་ཡིན་ཞིང་། དེའི་གོང་ལ་སྒོ་ཁྲལ་ཆེན་པོ་བསྡུས་པའི་ལྗར་པན་གྱི་ནང་འདྲེན་ཐོན་རྫས་ལ་སྒོ་ཁྲལ་བསྐྱར་མ་མི་བསྡུ་བ་དང་སྔོན་ཆད་ཀྱི་སྒོ་ཁྲལ་ཚད་གཞི15%ལས་དམའ་བའི་ཚོང་ཟོག་དེ་དག་སྒོ་ཁྲལ་གསར་པར་ལེགས་སྒྲིག་བྱ་རྒྱུ་ཡིན་པ། དེ་དང་ཆབས་ཅིག་རླངས་འཁོར་དང་དེ་བཞིན་རླངས་འཁོར་གྱི་ལྷུ་ལག་དང་། མཁའ་འགྲུལ་མཁའ་སྐྱོད་ཐོན་རྫས། ཆེད་ཁེ་མིན་པའི་སྨན་རྫས། དེ་བཞིན་ཨ་རིའི་མངའ་ཁོངས་ནང་རང་བྱུང་ངང་འཐོབ་ཐབས་བྲལ་བའི་རང་བྱུང་ཐོན་ཁུངས་ལས་རིགས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་པ་རེད།

གསལ་བསྒྲགས་ནང་ལྗར་པན་གྱིས་ཨ་རིའི་བཟོ་སྐྲུན་ལས་རིགས་དང་། མཁའ་འགྲུལ་མཁའ་སྐྱོད། ཞིང་ལས། བཟའ་བཅའ། ནུས་རྒྱུ། རླངས་འཁོར་དང་དེ་བཞིན་རླངས་འཁོར་ལྷུ་ལག་བཅས་ཐོན་སྐྱེད་བྱེད་མཁན་ཚོང་པར་ཁྱབ་ཁོངས་གལ་ཆེན་གྱི་ཁྲོམ་རར་ཞུགས་རྒྱུའི་ཐད་ཚད་བརྒལ་རང་བཞིན་གྱི་སྒོ་མོ་འབྱེད་རྒྱུ་ཡིན་པ་དང་། ལྗར་པན་སྲིད་གཞུང་གིས་འབྲས་ཉོ་བའི“ཆེས་དམའི་ཆོག་འཐུས”འཆར་གཞི་ལག་བསྟར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་དེ། ཨ་རིའི་འབྲས་ཉོ་ཚད75%མང་དུ་གཏོང་རྒྱུ་དང་། འབྲས་དང་སྲན་ཆེན། རྫས་ལུད། སྐྱེ་དངོས་ཀྱི་འབྱུང་འཕྲོད་རྒྱུ་རྫས། དེ་བཞིན་ཨ་རིའི་ཐོན་རྫས་ཚུད་པའི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་ཚད་མང་དུ་བཏང་ནས། སྤྱི་འབོར་ལོ་རེར་ཨ་སྒོར་དུང་ཕྱུར80ལ་སླེབས་རྒྱུ་ཡིན་པ་རེད།

གསལ་བསྒྲགས་ནང་ལྗར་པན་སྲིད་གཞུང་གིས་ད་དུང་ལྗར་པན་དུ་ཨ་རིས་བཟོས་པའི་རླངས་འཁོར་བྲིན་ཚོང་བྱེད་པ་དང་ཨ་རིའི་བདེ་འཇགས་ཁས་ལེན་ཐོབ་པའི་རླངས་འཁོར་རེག་ཐུབ་རྒྱུ་དང་། དེ་ལ་ཚོད་ལྟ་འཕར་མ་བྱེད་དགོས་ཀྱི་མེད་པ་བཅས་ཁས་ལེན་གྱི་འབད་བརྩོན་བྱེད་བཞིན་ཡོད། དེ་བཞིན་ལྗར་པན་གྱིས་ཨ་རིས་བཟོས་པའི་ཚོང་སྤྱོད་གནམ་གྲུ་དང་ཨ་རིའི་རྒྱལ་སྲུང་སྒྲིག་ཆས་ཉོ་རྒྱུ་ཡིན་པ་དང་ལྗར་པན་སྲིད་གཞུང་གིས་ཨ་རིར་མ་དངུལ་ཨ་སྒོར་དུང་ཕྱུར5500འཇོག་རྒྱུར་མོས་མཐུན་བྱས་ཡོད་ཅེས་འཁོད་ཡོད་པ་རེད།


མཉམ་སྤྱོད།