དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་སྲིད་གཞུང་གིས་སློབ་གསོ་པུ་གཏོར་བའི་འཆར་གཞིར་མུ་མཐུད་དུ་སྐུལ་འདེད་བཏང་།

2025-11-19 15:15:44   |   34

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས18ཉིན། སློབ་གསོ་པུའི་འགན་ནུས་ཁག་གཅིག་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒྲིག་གཞི་གཞན་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས།

ཨ་རིའི་སློབ་གསོ་པུས་ཚེས18ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། སློབ་གསོ་པུས་ངལ་རྩོལ་བཟོ་ལས་པུ་དང་། འཕྲོད་བསྟེན་དང་སྤྱི་པའི་ཞབས་ཞུ་པུ། ནང་སྲིད་པུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་དང་གྲོས་མཐུན་བཞག་ནས་མིག་སྔར་སློབ་གསོ་པུས་འགན་འཁུར་བའི་འགན་ནུས་གཙོ་བོ6རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒྲིག་གཞི4ལ་སྤྲད།

གསལ་བསྒྲགས་ནང་བསྟན་དོན། གྲོས་མཐུན་གཞིར་བཟུང་ངལ་རྩོལ་བཟོ་ལས་པུས་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གསོའི་རྣམ་གྲངས་དང་མཐོ་རིམ་སློབ་གསོའི་རོགས་སྐྱོར་རྣམ་གྲངས་མང་ཆེ་བའི་འགན་ནུས་འཁུར་རྒྱུ་དང་། འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུ་པུས་སློབ་སྦྱོང་དང་ཕྲུ་གུ་གསོ་བའི་འགན་འཁུར་བཞིན་པའི་སློབ་མར་ཞབས་འདེགས་ཞུ་བའི་རྣམ་གྲངས་དང་ཕྱི་རྒྱལ་གྱི་གསོ་རིག་སློབ་གླིང་གི་ངོས་ལེན་རྣམ་གྲངས་རྩིས་ལེན་བདག་སྤྲོད་བྱ་རྒྱུ་དང་། ནང་སྲིད་པུས་ཨ་རིའི་སྔར་གྱི་སྡོད་དམངས་ཀྱི་སློབ་གསོ་གཞུང་ལས་ཁང་རྩིས་ལེན་བདག་སྤྲོད་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྤྱིའི་སློབ་གསོ་དང་འབྲེལ་བ་ཡོད་པའི་འགན་ནུས་དེ་བས་མང་བ་འཁུར་རྒྱུ་ཡིན་ཞེས་འཁོད།

ཨ་རིའི་སློབ་གསོ་པུའི་པུ་ཀྲང་མའེ་ཁེ་མཱ་ཧུང་གིས་གསལ་བསྒྲགས་ནང་སྲིད་གཞུང་གིས་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་སྒྲིག་གཞིའི་འཆིང་རྒྱ་གཏོར་ཏེ་སློབ་གསོའི་དབང་ཆ་མངའ་སྡེ་ཁག་ལ་ཕྱིར་སྤྲོད་བཞིན་ཡོད་ཅེས་བཤད།

ཨ་རིའི་དགེ་རྒན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལན་ཏི·ཝུན་ཅ་ཐེང་གིས་གསལ་བསྒྲགས་ཤིག་གི་ནང“བྱེད་སྟངས་དེ་ནི་ཁུ་བསྡུ་མིན་ལ་སྒྱུར་བཅོས་ཀྱང་མིན་པར་ཨ་རིའི་འབྱུང་འགྱུར་དོར་བ་དང་རྒྱབ་ཏུ་བསྐྱུར་བ་ཞིག་རེད། དེ་སློབ་མ་ཚང་མའི་མི་མངོན་པའི་ནུས་པ་འདོན་པར་མི་ཕན་པ་མ་ཟད། འགན་འཁྲི་དེ་ལས་གཡོལ་ཐབས་བྱས་ཡོད”ཅེས་བཤད།

ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཟླ3པའི་ཚེས20ཉིན་སྲིད་འཛིན་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་དེ། མའེ་ཁེ་མཱ་ཧུང་གིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་སློབ་གསོ་པུའི་སྒོ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། “སློབ་གསོའི་དོ་དམ་དབང་ཆ་མངའ་སྡེ་ཁག་ལ་ཕྱིར་སྤྲོད་དགོས་པའི”བླང་བྱ་བཏོན་ཡོད། རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཏང་ཉུང་ཤས་ཀྱི་གཙོ་འཛིན་དང་། དམངས་གཙོ་ཏང་མི་ཧྲུའུ་མོ་ཡིས་སློབ་གསོ་པུ་མེད་པར་བཟོ་རྩིས་བྱེད་པ་ནི་ཁྲོམ་ཕུའི“གཏོར་བཤིག་རང་བཞིན་ཆེ་ཤོས་ལྡན་པའི”བྱ་སྤྱོད་ཀྱི་གྲས་ཤིག་རེད་ཅེས་བཤད།

ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཕྲན་མཉམ་འབྲེལ་བཅའ་ཁྲིམས་ནང་སློབ་གསོ་པུ་སྒོ་རྒྱག་དགོས་ན་ངེས་པར་དུ་རྒྱལ་ཚོགས་ཀྱིས་ཁྲིམས་འཛུགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། འོན་ཀྱང་ཁྲོམ་ཕུ་སྲིད་གཞུང་གིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒྲིག་གཞི་གཞན་དག་ལ་སློབ་གསོ་པུའི་འགན་ནུས་འཁུར་དུ་བཅུག་ནས་དེ་ནི་སློབ་གསོ་པུའི་སྒོ་རྒྱག་པའི་བབ་བསྟུན་བཅའ་ཁྲིམས་ཤིག་ཏུ་བརྩི་བཞིན་ཡོད།(ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཚའོ་ཅན)


མཉམ་སྤྱོད།