དེ་རིང་ནི2025ལོའི་ཟླ11པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོ་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད།

2025-11-20 10:04:01   |   18

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


པེར་ལིན་དུ་སྡོད་པའི་ཀྲུང་གོའི་གསར་འགྱུར་ཁང་ནས་ཟླ11པའི་ཚེས19ཉིན་གློག་འཕྲིན་འབྱོར་གསལ། ཚེས19ཉིན།(གསར་འགོད་པ་མ་ཞིའུ་ཞིའུ)འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྡོམ་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོ་སླར་ཡང་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་འཇར་མན་དང་ཀྲུང་གོ་ཕྱོགས་གཉིས་པོའི་ཉོ་འཚོང་སྡོམ་འབོར་ཡོ་སྒོར་དུང་ཕྱུར1859ལ་སླེབས་ཡོད། དེ་དུས་མཚུངས་ལས0.6%འཕར་ཡོད། དེའི་ནང་འཇར་མན་གྱིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་སྡོམ་འབོར་ཡོ་སྒོར་དུང་ཕྱུར614ཟིན་པ་དེ་དུས་མཚུངས་ལས12.3%ཆག་པ་དང་། ཀྲུང་གོ་ནས་ནང་འདྲེན་བྱས་པའི་དངུལ་འབོར་ཡོ་སྒོར་དུང་ཕྱུར1245ཟིན་པ་དེ་དུས་མཚུངས་ལས8.5%འཕར་ཡོད། ཀྲུང་གོས་མངོན་གསལ་དོད་པའི་ལེགས་ཆའི་ཐོག་ནས་འཇར་མན་གྱི་ནང་འདྲེན་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད།

ཀྲུང་གོ་འདི་ཉིད2016ལོ་ནས2023ལོ་བར་ལོ་བརྒྱད་ལ་བསྟུད་མར་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་བ་དང་། 2024ལོར་ཨ་རི་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་འཇར་མན་དང་ཨ་རི་ཕྱོགས་གཉིས་པོའི་ཉོ་འཚོང་སྡོམ་འབོར་ཡོ་སྒོར་དུང་ཕྱུར1847ཟིན་པ་དེ་དུས་མཚུངས་ལས3.9%ཆག་ཡོད། འཇར་མན་གྱིས་ཨ་རིར་ཕྱིར་གཏོང་བྱེད་ཚད་ཡོ་སྒོར་དུང་ཕྱུར1127ཟིན་པ་དེ་དུས་མཚུངས་ལས7.8%ཆག་ཡོད། ཨ་རི་ནས་ནང་འདྲེན་བྱེད་ཚད་ཡོ་སྒོར་དུང་ཕྱུར719ཟིན་པ་དེ་དུས་མཚུངས་ལས2.8%འཕར་ཏེ་ཨ་རི་ནི་འཇར་མན་གྱི་ནང་འདྲེན་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་གསུམ་པར་གྱུར་ཡོད།

དབྱེ་ཞིབ་བྱས་པར་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོའི་དགོས་མཁོ་ཞན་པ་དང་། ཚོང་དོན་ཁོར་ཡུག་རྙོག་འཛིང་ཆེ་བ། དེ་བཞིན་རླངས་འཁོར་སོགས་སྲོལ་རྒྱུན་ལེགས་ཆའི་ལས་རིགས་ལེགས་སྒྲིག་བྱས་པ་ནི་འཇར་མན་གྱི་ཕྱི་ཕྱོགས་ཚོང་དོན་གྲུབ་ཆར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འཇར་མན་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་དེ་ཉིན་འབྲེལ་ཡོད་གནས་ཚུལ་སྤེལ་བའི་ནང་འཇར་མན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུ་ཀྲང་གཅིག་ལྕོགས་སུ་འཁུར་མཁན་ལ་སི·ཁེ་ལིན་པེར་གྱིས་ཉེ་ཆར་ཀྲུང་གོར་འཚམས་འདྲི་གནང་བའི་དམིགས་ཡུལ་ནི་ཀྲུང་གོ་དང་དེ་བས་བློས་འགེལ་ཆོག་པའི་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་ཆེད་དུ་ཡིན་ཞེས་བཤད།(ཚར།)


མཉམ་སྤྱོད།