སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ7པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ2023ལོའི་སྐབས་ཉེར་གཉིས་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་སྟ་གོན་ལས་དོན་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།
ཤ་བོ་སྐྱབས་ཀྱིས་སྔ་རྗེས་སུ་འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་དང་། བྱེ་སྣ་སྔོ་ལྡང་གྲོང་རྡལ ། འཕན་པོ་སོགས་གཞུང་ལམ་རྒྱུད་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ལ། ལས་ཀའི་བཀོད་སྒྲིག་དང་། ཞབས་ཞུ་འགན་ལེན། བགྲོད་ལམ་བདེ་འཇགས། ཁོར་ཡུག་འཕྲོད་བསྟེན། རྣམ་པ་ལེགས་བཟོ། དྲིལ་སྒྲོག་སོགས་ཀྱི་ལས་དོན་ཁག་གི་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་གནང་། ཁོང་གིས་ནན་གྱིས་བསྟན་དོན། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་གྱི་ལྕགས་རྟ་འགྲན་སྡུར་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། ད་ཐེངས་ཀྱི་འགྲན་སྡུར་སྐབས་རང་ཁུལ་གྱི་རྫོང་བཞི་བརྒྱུད་དགོས་པ་དང་། རྫོང་གསུམ་དུ་མཐའ་སྣེ་གསུམ་བཙུགས་ཡོད། འདི་ནི་ཕྱི་ཕྱོགས་སུ་མཚོ་བྱང་གི་རི་ཆུ་ནགས་གསུམ་དང་། ཞིང་མཚེའུ་རྩྭ་ཐང་། བྱེ་མ་འཁྱག་རོམ་སོགས་ཀྱི་མཛེས་རྣམ་ཕྱི་ལ་མངོན་པ་དང་། ཕྱི་ཕྱོགས་སུ་གསེར་མདོག་གི་འཇུ་ལག་དང་། ལྷ་ཁམས་མདོ་ལ། བོད་མཁར་རྐང་ཚ་། བདེ་བརྟན་མདའ་བཞི། དག་སྣང་མཚོ་བྱང་བཅས་འོས་སྦྱོར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས། མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་དམིགས་ས་བསྐྲུན་པར་སྐུལ་འདེད་གཏོང་ངེས། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་ལས་ཀའི་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། ལས་ཀའི་ཇུས་གཞི་སྣ་ཚོགས་ཞིབ་ཚགས་སུ་བཏང་སྟེ། འགྲན་ཡུལ་ཁག་གི་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བ་བྱེད་དགོས། བདེ་འཇགས་ཀྱི་བྱུར་རྐྱེན་ཡང་ནས་ཡང་དུ་གྲལ་བཤེར་བྱས་ཏེ། ལས་འགན་དོན་འཁྱོལ་ནན་མོ་དང་འཚུབ་བསྟུན་རོགས་སྐྱོར་གྱི་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་ཏེ། ཞབས་ཞུ་འགན་ལེན་གྱི་ལས་དོན་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཁོར་ཡུག་གི་འཕྲོད་བསྟེན་བཅོས་སྒྲིག་བྱས་ཏེ། གད་སྙིགས་གཙང་སེལ་དང་ཁོར་ཡུག་གཙང་སྦྲ་དོད་པོ་ཡོང་བ་བྱེད་དགོས། བྱེད་སྒོའི་རྣམ་པ་བཟང་པོ་ཡོང་ཐབས་བྱས་ཏེ། ཤུགས་ཆེན་ངང་མཚོ་བྱང་གི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་རིག་གནས་དྲིལ་སྒྲོག་བྱས་ཏེ། མཚོ་བྱང་གི་མཛེས་ལྗོངས་ཁྱོན་ཡོངས་ནས་མངོན་པར་བྱེད་དགོས།
དེའི་རིང་། ཧྲུའུ་ཅི་ཤ་བོ་སྐྱབས་འཁོར་དང་བཅས་པ་ནུབ་ལུང་ཆེ་བ་དང་། ཆུ་རུལ་རྔོག་ལུང་། ཐུང་ཁྲང་ལུང་གསེར་གཏེར་རི་མོའི་བཅོས་སྒྲིག་བྱ་ཡུལ་བཅས་སུ་བསྐྱོད་དེ“ཁ་གསབ་གསུམ”གྱི་ལས་ཀའི་ཕན་འབྲས་དང་རྗེས་ཕྱོགས་ཀྱི་དོ་དམ་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོབ་ཞིབ་གནང་ཞིང་། ཡུལ་དངོས་སུ་ལས་ཀའི་སྙན་ཞུར་གསན་པ་དང་འབྲེལ་ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན།
མ་རུའུ་ཞང་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།