མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གཡུང་དྲུང་བསྟན་འཛིན་གྱིས་ནོར་རྩིད་ལུག་བལ་ལ་བརྟེན་ནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འཁྲིད་པ།

2023-12-04 09:45:46   |   2200

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

“སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ནོར་རྩིད་དང་།  ནོར་གྱི་ཁུ་ལུ།  ཀོ་བ།  ལུག་བལ་སོགས་རང་བྱུང་ཚི་སྣ་ནི་དགོས་ངེས་ཀྱི་དངོས་པོ་ཞིག་ཡིན་པར་མ་ཟད། འཚོ་བའི་སྤུས་ཚད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་ལ་བརྟེན་ནས་ངས་ནོར་ཁུལ་དང་ལུག་བལ་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་ལོ་རབས90པའི་ནང་སྐྱེས་པའི་ལས་གཏོད་པ་གཡུང་དྲུང་བསྟན་འཛིན་གྱིས་དེ་ལྟར་བཤད་པ་དང་། རྒྱུན་འཛིན་དང་གསར་གཏོད་བྱས་པ་བརྒྱུད་ལག་ཤེས་འཁེལ་འཐག་གི་གནའ་བོའི་ལག་རྩལ་ལ་གསོན་ཤུགས་གསར་བ་བསྩལ།

2014ལོར་གཡུང་དྲུང་བསྟན་འཛིན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཉེ་འགྲམ་གྱི་སློབ་གྲོགས་མང་པོ་ཞིག་གིས་ལས་ཀ་འཚོལ་བའི་ཡིག་རྒྱུགས་སྤྲོད་བཞིན་ཡོད་ལ། འོན་ཀྱང་ཁོ་རང་ཕྱིར་བུམ་པ་སྡེ་བར་ལོག་ནས་མཚོ་སྔོན་པོའི་ངོགས་སུ་རང་ཉིད་ལ་དབང་བའི་ཐོན་ལས་ཤིག་འཕེལ་རྒྱས་སུ་གཏོང་རྒྱུའི་འཆར་གཞི་འཐེན།

གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན་ལ། 2019ལོར་གཡུང་དྲུང་བསྟན་འཛིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ས་གནས་དེ་གའི་ལག་ཤེས་བཟོ་རྩལ་རྐྱང་པའི་འཁེལ་འཐག་ཐོན་རྫས་ལ་ཁྱད་ཆོས་ཆེན་པོ་ལྡན་པ་རྒྱུས་ལོན་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་ཁོས་ད་དུང་ཀན་སུའུ་ཞིང་ཆེན་གྱི་ལག་ཤེས་འཁེལ་འཐག་ཐོན་རྫས་བཟོ་གྲྭ་ཁ་ཤས་ཀྱི་འཕེལ་རྒྱས་ཧ་ཅང་ལེགས་པོ་ཡིན་པ་ཤེས་རྟོགས་བྱུང་།  

“ངའི་ཕ་ཡུལ་རྟ་ནག་མ་གྲོང་རྡལ་ནི་འབྲོག་ཁུལ་ཡིན་པ་དང་། ནོར་རྩིད་དང་ལུག་བལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། ད་དུང་མེས་པོ་ནས་བརྒྱུད་པའི་འཁེལ་འཐག་ལག་རྩལ་ཡང་ཡོད། རྒྱལ་ཁབ་ཕྱི་ནང་དུ་མིང་དུ་གྲགས་པའི་མཚོ་སྔོན་པོས་ལོ་རེར་གནས་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་ཡོད་པ”སོགས་ཡིད་ལ་དྲན་ཐེངས་རེར་གཡུང་དྲུང་བསྟན་འཛིན་གྱིས་ལག་ཤེས་རྐྱང་པའི་འཁལ་འཐག་ཐོན་རྫས་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་པའི་སེམས་ཐག་བཅད། 

2020ལོར་གཡུང་དྲུང་བསྟན་འཛིན་གྱིས་མ་དངུལ་སྒོར་ཁྲི60བཏང་ནས་བུམ་པ་སྡེ་བ་རུ་མཚོ་སྔོན་པོའི་གཡང་ནོར་སྐྱེ་ཁམས་ཕྱུགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་སྣོན་ལས་ཤག་བཙུགས་པ་དང་། ལག་ཤེས་འཁེལ་འཐག་ཐོན་རྫས་ཐོན་སྐྱེད་བྱ་ཆེད། ཁོས་མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་མང་ཚོགས་ཀྱི་ལག་ནས་ནོར་རྩིད་དང་ལུག་བལ། ཀོ་པགས་ཉོ་སྒྲུབ་བྱས། འབྲོག་ཁུལ་དུ་ནོར་ལུག་གི་བལ་སོགས་ཉོ་སྒྲུབ་བྱེད་རྒྱུ་ནི་ཧ་ཅང་ལས་སླ་བོ་ཞིག་ཡིན་མོད། འོན་ཀྱང་བཟོ་ལས་གཙང་འཁྲུ་བྱེད་པའི་ཚད་གཞི་དང་བསྟུན་རྒྱུ་ནི་ཧ་ཅང་དཀའ་བའི་གནད་དོན་ཞིག་རེད། 

གཡུང་དྲུང་བསྟན་འཛིན་གྱིས་གསར་འགོད་པར་ལག་ཤེས་འཁེལ་འཐག་ཁོ་ནའི་ལས་རིམ་ཧ་ཅང་དཀའ་ཁག་ཆེ་བ་དང་། ལག་ཤེས་རྐྱང་པའི་འཁེལ་འཐག་སྣམ་བུའི་རྒྱུ་ཆ་ཁོ་ན་འདེམས་སྒྲིག་དང་གཙང་བཀྲུ། ཉི་སྐམ། འཕུར་ཐག་སོགས་ལས་རིམ་མང་བོ་བརྒྱུད་དགོས་མོད། འོན་ཀྱང་ལག་ཤེས་རྐྱང་པའི་འཁེལ་འཐག་བོད་ལྭ་ཆ་ཚང་ཞིག་འཐག་པར་ཉུང་མཐར་ཡང་ཟླ་བ3འགོར་གྱིན་ཡོད་པ་དང་། དེའི་བར་ནས་ཁྱིམ་གྱི་ཞིང་ལས་ཀྱང་གཉེར་ན་དུས་ཚོད་དེ་བས་རིང་བ་ཞིག་ཡོད་དགོས་ངེས་རེད་ཟེར།

གསར་གཏོད་ནི་ལས་ཤག་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྒྱལ་ཁའི་རྩ་བ་ཡིན། གཡུང་དྲུང་བསྟན་འཛིན་གྱིས་རས་ཆའི་རྒྱུ་ཆ་ཚང་མ་ཆུད་ཟོས་སུ་གཏན་ནས་མི་གཏོང་བ་དང་། ལག་ཤེས་ལ་བརྟེན་ནས་འཐག་པའི་རྒྱུ་ཆ་དག་ཁོས་ཇུས་འགོད་ལས་སྣོན་བྱས་པ་བརྒྱུད་དར་སྲོལ་ཆེ་བའི་ལྟོ་ཕད་དང་། རས་འཇམ་ལ་སྐྱིད་སྣང་ལྡན་པའི་ཁ་དཀྲིས་སོགས་སུ་གྱུར་ནས། དྲ་ཐོག་དང་ཡུལ་དངོས་ཀྱི་ཚོང་ར་ནས་དུས་མཉམ་གཅིག་ཏུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་དང་། ཐོན་རྫས་དག་སི་ཁྲོན་དང་ལྷ་ས། ཡུན་ནན་སོགས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད།  

གཡུང་དྲུང་བསྟན་འཛིན་ལ་དུས་ནམ་ཡང་གསར་གཏོད་ཀྱི་བསམ་བློ་ཞིག་ཡོད་ལ། ཁོས་ཉོས་པའི་ཀོ་བས་གདན་དང་འཁོར་གདན། འབོལ་ཁྲིའི་གདན་སོགས་འཚོ་བའི་མཁོ་ཆས་བཟོ་བཞིན་ཡོད་པ་དང་། ཐོན་རྫས་ལ་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

“ད་ལོར་ལས་ཤག་གི་ཡོང་སྒོ་སྒོར་ཁྲི60ཟིན་པ་དང་། ལས་བཟོ་བ10ཡི་ཟླ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར3000ཟིན་ནས་ཁོང་ཚོས་སྒོ་ཁ་ནས་ཡོང་འབབ་བཙལ་ཐུབ་པ་བྱུང”ཞེས་བཤད། ཉེ་ལམ། གཡུང་དྲུང་བསྟན་འཛིན་སྔར་བཞིན་ཁོའི་འཆར་འགོད་ལ་བྲེལ་བཞིན་ཡོད་པ་དང་། ཕྱི་ལོའི་ཟླ5པའི་ཡར་སྔོན་དུ་ལས་ཤག་གི་གཞི་ཁྱོན་ཆེ་རུ་བཏང་སྟེ། ས་གནས་དེ་གའི་མིང་རྟགས་རྒྱ་བསྐྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ལ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར།


མཉམ་སྤྱོད།