དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་སུ་ཡུལ་དངོས་ནས་གཞུང་དོན་སྤེལ།

2024-03-22 10:32:53   |   931

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ3པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། ཁུལ་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་སུ་ཕེབས་ནས་ཡུལ་དངོས་ནས་གཞུང་དོན་སྒྲུབ་ཅིང་། དམིགས་ཚད་གཏན་འཁེལ་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་གནས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

མཐོན་པོ་སྒང་སྒར་སྡོད་རྟེན་གཞི་རུ་ཤ་བོ་སྐྱབས་ཀྱིས་རྟེན་གཞིའི་དུས་ཐེངས་གཉིས་པའི་རྣམ་གྲངས་དང་ཆུ་འདྲེན་ཆུ་གསོག་རྫིང་བུའི་ས་ཆ་འདེམས་སྒྲུག་སོགས་ལ་ལྟ་བཤེར་བྱས་པ་དང་། ཆུ་འདྲེན་ལམ་ཐིག་གི་བཀོད་པ་དང་། ཉེ་འཁོར་གྱི་རྩྭ་ས་བཅོས་སྒྲིག རྩྭ་འདེབས་སྔོ་འགྱུར་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས། ཁུལ་འགྲིམ་འགྲུལ་དང་ཆུ་བེད། ནགས་ཚལ་རྩྭ་ཐང་སོགས་སྡེ་ཚན་གྱི་ལས་དོན་སྙན་ཞུར་གསན་རྗེས། ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ཐད་ལས་ཁུངས་དང་སྡེ་ཚན་ཁག་གིས་ནུས་ཤུགས་མཉམ་འདོན་དང་དངོས་འཛིན་དངོས་སྒྲུབ། གཞོགས་འདེགས་དམ་ཟབ་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཅེས་བསྟན།  རྗེས་ཕྱོགས་སུ་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་ནུས་པ་འདོན་སྤེལ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། གཏན་འཁེལ་བྱས་པའི་འཆར་གཞི་ལྟར་བྱ་བའི་ལས་འགན་ཁག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་ལས་ཀའི་ཚད་གཞི་མཐོ་རུ་གཏོང་བ་དང་ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་དཔེ་དུམ་ཅན་གྱི་སློབ་གསོ་ཞིབ་འཇུག་རྟེན་གཞིའི་རྣམ་གྲངས་གང་མགྱོགས་ངང་འཛུགས་སྐྲུན་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རི་རྩེར་འཛེགས་པའི་ཤིང་ཟམ་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་འཆར་འགོད་བྱས་ཏེ། རྣམ་གྲངས་དག་སྔ་ཙམ་ནས་བསྐྲུན་ཐུབ་པ་དང་། སྔ་ཙམ་བེད་སྤྱོད་ཐུབ་པ། སྔ་ཙམ་ཕན་པ་ཐོབ་པ་བཅས་བྱེད་དགོས། གཉིས་ནས་མཐོན་པོ་སྒང་སྒར་སྡོད་རྟེན་གཞིའི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འཆར་འགོད་ཇུས་འགོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྣེ་མང་མཉམ་འཛིན་གྱིས་ས་ཆ་བསྡུ་སྤྱོད་དང་ས་ཆའི་བཀོད་པ། གར་སྟེགས་སྐྲུན་པ་སོགས་ཀྱི་ལས་དོན་མགྱོགས་མྱུར་སྤེལ་བ། མཛེས་ལྗོངས་ཁུལ་གྱི་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གསར་བརྗེའི་སློབ་གསོ་དང་རི་ཆུའི་མཛེས་ལྗོངས། དམངས་སྲོལ་མྱོང་ཚོར། ཁྱད་ལྡན་བཟའ་བཏུང་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་གནས་སྐོར་བྱ་ཡུལ་གཏོད་དགོས། གསུམ་ནས་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ཆུ་དང་གློག་ཤར་གཏོང་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་མཐོན་པོ་སྒང་གི་གཞུང་ལམ་གཡས་གཡོན་དུ་ནགས་འཛུགས་རྩྭ་འདེབས་ཀྱི་སྔོ་སྒྱུར་ཇུས་འགོད་ཡག་པོ་བྱེད་པ་དང་། མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ཕྱོགས་བསྡུས་ཉམས་གསོ། ཉམས་ཞན་རྩྭ་ཐང་བཅོས་སྐྱོང་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། བཞི་ནས་རང་བྱུང་གི་ཆ་རྐྱེན་དང་བལྟ་ཡུལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཆུ་འདྲེན་ལམ་ཐིག་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་ཆུ་འདྲེན་ཆུ་གསོག་རྫིང་བུར་འཆར་འགོད་ཡག་པོ་བྱས་ནས་འཛུགས་སྐྲུན་ཡག་པོ་བྱེད་དགོས། ལྔ་ནས་ཡུལ་བབ་དང་བསྟུན་ནས་སྒར་སྡོད་དང་། རྐང་ཐང་། རོལ་དབྱངས་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ནན་ཏན་བྱས་ཏེ། སྒར་སྡོད་རྟེན་གཞིའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གནས་སྐོར་བའི་ཉམས་ལེན་གྱི་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་དེ་ཉིད་རིག་གནས་གནས་སྐོར་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་འདེགས་སྐྱོར་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་བསྟན། 

03.png

མཚོ་བྱང་ཁུལ་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་འབྲི་གཡག་ལྟ་སྐོར་གྱི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་། ལས་གྲྭའི་སྤུས་ཚད། ལེ་ལག་ཚང་བའི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁོང་གིས་བསྟན་དོན།  གཅིག་ནས་འབྲི་གཡག་ལྟ་སྐོར་ཀྱི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱ་བའི་སྡོམ་རྩིས་དང་ལས་གྲྭའི་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་སོགས་ཀྱི་མཇུག་བསྡུའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་ཀྱིས་དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་གྱི་ཐོངས་མཆན་དང་བརྗེ་བསྒྱུར་སོགས་ཀྱི་འགྲོ་ལུགས་གཉེར་རྒྱུར་སྐུལ་འདེད་བཏང་སྟེ། ལས་གྲྭ་སྡོམ་རྩིས་དང་ཞིབ་དཔྱད་ལས་ཁུངས་ཀྱིས་རྣམ་གྲངས་ཀྱི་ཞིབ་དཔྱད་ལས་དོན་མགྱོགས་མྱུར་ལེགས་སྒྲུབ་བྱས་ནས་ལས་གྲྭ་བདེ་བླག་ངང་མཇུག་འགྲིལ་ཐུབ་པ་བྱེད་དགོས། གཉིས་ནས་དམིགས་ཚད་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་ལས་ཁུངས་ཀྱིས་བྱེད་པོའི་འགན་འཁྲི་སྒྲུབ་པ་དང་རྗེས་མཐུད་འཕེལ་རྒྱས་ཐད་འཕྲད་པའི་གནད་དོན་ཁྱོན་ཡོངས་ནས་ལེགས་སྒྲིག་གིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་དུས་ཐོག་ཏུ་སྙན་ཞུ་བྱེད་དགོས་པ་མ་ཟད། རང་བྱུང་ཐོན་ཁུངས་དང་། ནགས་རྩྭ། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་དང་མཉམ་དུ“ཕྱོགས་ལྔའི་ཞིབ་བཤེར”བྱས་ནས་རྗེས་མཐུད་ཀྱི་སྒྱུར་བཀོད་དང་ལེགས་བཅོས་ལ་རྨང་གཞི་ཡག་པོ་འདིང་དགོས། གསུམ་ནས་མཚོ་སྔོན་པོ་འབྲི་གཡག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ནོར་སྲིད་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་གཏོང་བ། བྱེད་ནུས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་བཅས་བྱེད་དགོས། འབྲེལ་ཡོད་ལས་ཁུངས་ཁག་གིས་འདུ་ཤེས་གསར་སྒྱུར་དང་གནས་ཐིག་གཏན་འཁེལ་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་འགུལ་ངང་ཞུགས་པ། མཚོ་སྔོན་པོ་འབྲི་གཡག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་ཚད་དང་བྱ་ཐབས་དུས་ཐོག་ཏུ་བཟོ་བ། ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཀྱི་དོན་དངོས་ནས་མགོ་བརྩམས་ནས་ས་ཁོངས་ནང་ཁུལ་གྱི་བྱེད་ནུས་འཆར་འགོད་ལུགས་མཐུན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཞི་ནས་གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་གསར་འཛུགས་ལས་དོན་དེ་གོ་སྐབས་སུ་བྱས་ཏེ། ས་མཐོའི་འབྲི་གཡག་གི་རིག་གནས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཚན་རིག་དང་མཐུན་པའི་བྲིན་ཚོང་ཐབས་ལམ་འཚོལ་ཞིབ་སྒོས་ཞིང་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་ཆེད་མིང་བྱང་གསར་པ་བཟོ་དགོས།

      ཁུལ་གྱི་མགོ་ཁྲིད་ཝང་ཡོན་ཁྲང་དང་། དེ་བཞིན་ཁུལ་འཕེལ་བཅོས་དང་ནོར་སྲིད། འགྲིམ་འགྲུལ། ཆུ་བེད། ནགས་རྩྭ། ཞིང་ཕྱུགས། རིག་ལུས་གནས་སྐོར་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོ་ཐེངས་འདིའི་ཡུལ་དངོས་གཞུང་དོན་སྤེལ་བའི་བྱ་བར་ཞུགས། 


མཉམ་སྤྱོད།