དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ཞིང་ཕྱུགས་དང་གནས་སྐོར་མཉམ་འདྲེས་ངང་གྲོང་གསེབ་དར་སྤེལ་བཏང་།

2024-03-22 10:25:17   |   355

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ཞིང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་སྐྱོད་དཔེ་སྟོན་རྫོང་འཛུགས་སྐྲུན་དམ་འཛིན་བྱས་ཏེ།  ཞིང་ཆེན་དང་ཁུལ་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་རིམ་པའི་ལས་སྒོའི་གཙོ་འགན་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་ཁུངས་ཀྱི་ལེགས་ཆ་དང་། གནས་སྐོར་བྱ་ཡུལ་གྱི་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞི་སོགས་ལ་རྐང་བཙུགས་ཐོག ཞིང་ཕྱུགས་དང་གནས་སྐོར་མཉམ་འདྲེས་ཀྱི་ཐོན་ལས་སྦྲེལ་ཐག་དང་གནས་སྐོར་ཐོན་ལས་ཞོར་གཏོགས་རིན་ཐང་མཐོར་འདེགས་སུ་བཏང་བས། མང་ཚོགས་རྣམས“གནས་སྐོར་རླངས་འཁོར་ལ་སྡོད་དུ་བཅུག”ཅིང་།  “ཕྱུག་འགྱུར་གྱི་ལམ་ཁར”བསྐྱོད།

རྫོང་ཁོངས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རོང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བསྐྱེད་པ། ལྗང་མདོག་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས་ལྷ་ཡུལ་མདོ་ལའི་རྒྱལ་ཡོངས་སྒར་འདེབས་རྒྱས་འཛོམས་ཀྱི་བྱེད་སྒོ་རབ་དང་རིམ་པ་བསྟུད་མར་སྤེལ་བ་བརྒྱུད།  “སྒར་འདེབས+རིག་གནས་མྱོང་རོལ”དང“སྒར་འདེབས+རྩེད་འཇོའི་ཉམས་འགྱུར”སོགས་སྒར་འདེབས་དཔལ་འབྱོར་འཛད་སྤྱོད་ཀྱི་ལས་རྣམ་བཏོད།  ལྟེ་བའི་ལྗོངས་ཁུལ(བཙུན་མོ་དམར་ཡག་མ་དང་ཨ་མྱེས་སྟོང་སོ)ལ་བརྟེན་ནས་གྲོང་གསེབ་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། མགྲོན་བྲང་དང་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས། དམངས་ཤག  ཁྱད་ལྡན་བཟའ་བཏུང་། ཁྱད་ལྡན་རིག་གནས་གནས་སྐོར་ཚོང་ཟོག་སོགས་ཀྱི་གནས་སྐོར་ལས་རྣམ་ལ་བརྟེན་ནས་མི་དམངས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། 2023ལོར། གནས་སྐོར་བ་མི་ཐེངས་ཁྲི190.6ལ་སྣེ་ལེན་བྱས་པར་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར12མངོན་འགྱུར་བྱུང་ཡོད།

སྤྱི་པའི་རིག་གནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ཕྱུགས་རིག་གནས་དང་གནས་སྐོར་མཉམ་འདྲེས་ཉམས་ལེན་གྱི་བར་སྟོང་རྒྱ་ཆེར་བཏང་བ།  “ཁུལ་དུ་སྣེ་ཁྲིད་དང་།  རྫོང་ལ་ཆས་རྟགས་ཡོད་པ། ཡུལ་ཚོར་ཁྱད་ཆོས་ལྡན་པ”བཅས་ཀྱི་གཅིག་སྡུད་རིག་གནས་ལུས་རྩལ་བྱེད་སྒོ་ཧུར་ཐག་གིས་སྤེལ་ཞིང་། 2023ལོར་མདོ་ལ་རིང་མོའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་དང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་མདོ་ལའི་འགྲན་དུམ། སྒར་འདེབས་རྒྱས་འཛོམས། རྐང་ཐང་འགྲན་སྡུར་སོགས་ཀྱི་དུས་ཆེན་རིག་གནས་གནས་སྐོར་བྱེད་སྒོ་རྩེ་གྲ་རྒྱལ་ཁའི་ངང་སྤེལ་ནས་ཕྱི་ཡི་མགྲོན་པོ་མདོ་ལར་བསྐྱོད་པ་དང་མདོ་ལ་ཤེས་པར་བྱས་ཡོད། རྫོང་ཡོངས་ཀྱི་རིག་གནས་གནས་སྐོར་ཁྲོམ་རའི་དགོས་མཁོར་བརྟེན་ནས་གྲོང་གསེབ་ཀྱི་གནས་སྐོར་དང་ཞིང་ཕྱུགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་གནས་སྐོར་ཐོན་རྫས་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། གྲོང་གསེབ་ཀྱི་གནས་སྐོར་ཐོན་རྫས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་བཅས་བྱས། མིག་སྔའི་བར་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ1དང་། ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ9།  རྒྱལ་ཁབ་ཀྱི་ཁ་བ་རིམ་པའི་དམངས་ཤག1།  གནས་སྤོས་འབྲོག་པའི་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི2།  གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས158། ཞིང་ཆེན་རིམ་པའི་སྒེར་འཁོར་སྒར་ས3། རྒྱལ་ཡོངས་ཀྱི4Cརིམ་པའི་སྒེར་འཁོར་གནས་སྐོར་སྒར་ས1། རྒྱལ་ཁབ་ཀྱིAཡན་གྱི་ལྗོངས་ཁུལ7། ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་ལྗོངས་ཁུལ1བཅས་བཏོད་ཡོད། 

ཞིང་ཕྱུགས་གནས་སྐོར་ཁྲོམ་རའི་འཛད་སྤྱོད་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཞིང་ཕྱུགས་རིག་གནས་གནས་སྐོར་མཉམ་འདྲེས་ཐོན་རྫས་གསར་སྤེལ་གསར་གཏོད་བྱས་པ། གནས་སྐོར་དང་མཁར་གྲོང་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྔ་རྗེས་སུ་གྲོང་གསེབ་དར་སྤེལ་འབྲེལ་མཐུད་མ་དངུལ་སྒོར་ཁྲི737.2བཙུན་མོ་གཞོང་གྲོང་རྡལ་ཁྲ་གཟེབ་ལུང་བ་སྡེ་བའི་གྲོང་གསེབ་དར་སྤེལ་གནས་སྐོར་ཐོན་ལས་འཛུགས་སྐྲུན་ལས་གཞི་དང་། བཙུན་མོ་གཞོང་གྲོང་རྡལ་ར་གདོང་སྡེ་བའི་གྲོང་གསེབ་གནས་སྐོར་ཁྱད་ལྡན་དམངས་ཤག་སོགས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས་ཐོན་ལས་སྟོབས་ལྡན་དང་ཞིང་བ་ཕྱུག་པོ་ཡོང་རྒྱུར་སྐུལ་འདེད་བཏང་། གསར་བརྗེའི་གནས་སྐོར་དང་། སྐྱེ་ཁམས་གནས་སྐོར། མཐོ་སྒང་ཁམས་གསོ། སྤྲོ་གསེང་རོལ་རྩེད་སོགས་སྣ་མང་ཕུན་སུམ་ཚོགས་པའི་སྣ་འཛོམས་རང་བཞིན་གྱི་རིག་གནས་གནས་སྐོར་ཐོན་ལས་མ་ལག་གསར་སྤེལ་ཧུར་ཐག་བྱས་ནས་འབྲི་ཞོ་དང་། ནོར་ལུག་གི་ཤ་སྐམ། རྩྭ་ཐང་གི་ཤ་མོ། མདོ་ལའི་སྟར་རུ་སོགས་ཁྱད་ལྡན་ཐོན་རྫས་སྐྱེད་སྲིང་བྱས། ནོར་ལུག་མགོའི་རྒྱན་སྤྲས་ལས་སྣོན། མདོ་ལའི་གཡང་ཊི་ཐོན་རྫས་ལས་སྣོན་ཞིབ་ཚགས། ལག་ཤེས་འཚེམ་དྲུབ་སོགས་ཁྱད་ལྡན་གནས་སྐོར་ཚོང་ཟོག་རིགས13གྱི་ས་ཁོངས་ཧྲིལ་བོའི་གནས་སྐོར་སྤུས་ལེགས་རིག་གནས་གསར་གཏོད་ཐོན་རྫས87བཏོན་ཞིང་། གཞུང་ལམ་རྒྱུད་ཀྱི་རྒྱ་ཆེའི་མང་ཚོགས་རིག་གནས་གནས་སྐོར་ཞབས་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་ཆེ་རུ་བཏང་།


མཉམ་སྤྱོད།