དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ།

2024-04-30 09:50:41   |   1706

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།



图片1.png

 སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བོད་གངས་ཅན་ལྗོངས་ཀྱི་སྤྱི་ནོར་ཡིག་གཟུགས་ཡིད་བཞིན་ནོར་བུའི་དུས་ཆེན་ཏེ། སྤྱི་ཟླ་བཞི་པ་ཞེས་པའི་བཞི་ནི་བོད་ཀྱི་ཡི་གེ་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡོད་པ་ལས་དབྱངས་བཞི་མཚོན་ཞིང་། སྤྱི་ཚེས་སུམ་ཅུ་ཞེས་པའི་སུམ་ཅུ་ནི་བོད་ཀྱི་གསལ་བྱེད་སུམ་ཅུ་མཚོན། ཉིན་འདིའི་ནང་ལ་རྒྱལ་ཡོངས་བོད་མི་བྲིས་མཁན་དག་གིས་རང་གི་སྨྱུག་རྩལ་དང་བསྟུན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མིག་གི་དགའ་སྟོན་གང་མང་ཞིག་ཕྱོགས་སོ་སོར་སྤེལ་བཞིན་ཡོད།

图片2.png

སློབ་དཔོན་ཐོན་མི་སམ་བྷོ་ཌ།

 སློབ་དཔོན་ཐོན་མི་སམ་བྷོ་ཊ་ནི་སྤྱི་ལོ་619ལོར་ཡལ་ལྷོ་ཁ་གཉལ་ནང་ཞེས་པའི་ཡུལ་གྲུ་དེ་རུ་ཡབ་གཉལ་བ་སྣང་གྲགས་དང་ཡུམ་གནུབས་བཟའ་གཉིས་སུ་སྲས་སུ་འཁྲུངས་ཤིང་། རིམ་བཞིན་ནར་སོན་ཚེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློ་དུ་བསྐོས་པ་དང་། སྤྱི་ལོ་633ལོར། ཐོན་མི་འཁོར་དང་བཅས་པ་ལྷོ་ཕྱོགས་རྒྱ་གར་དུ་འབྱོར་ཞིང་། དེ་ནས་ཐོན་མི་རྒྱ་གར་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས།

བོད་མཁས་པའི<<དམ་ཆོས་གླེགས་བམ་སྒྲུབ་ཚུལ>>ལས། ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་པོས་ཐུགས་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་ཏྲ་ཞེས་བྱ་བའི་སློབ་མ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་བར་བསླབས། དམ་པའི་ཆོས་དགེ་བ་བཅུའི་མདོ་ཡང་ཉན་ཅིང་བསླབས། ཞེས་བྱུང་ངོ། །

 དེ་ནས་བོད་འབངས་རྣམས་སྒྲ་དང་ཡི་གེའི་རིག་པའི་གནས་ཀྱི་དགའ་ཚལ་དུ་འཇུག་པའི་སླད་དུ་སྲོང་བཙན་རང་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ། ལྷ་སའི་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། དེ་བཞིན་དུ་བློན་འབངས་ཀུན་གྱིས་ཀྱང་རྒྱལ་པོའི་བཀའ་བཞིན་སྒྲ་དང་ཡི་གེ་ལ་གུས་རྟག་བརྩོན་པས་སྦྱངས་པ་རྒྱ་ཆེར་བྱས། ལོ་སྔ་ཕྱི་དེ་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱང་རིམ་གྱིས་བརྩམས་པར་གསལ་ལོ།།

  དེའི་ཚེ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་རྒྱལ་པོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བ་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་མཚམས་འདི་ནས་ཐོགས་པར་མངོན། བོད་ཡིག་གསར་བཟོའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ། བོད་ཕྲུག་མཛངས་མི་རིམ་བྱོན་བདུན་ཡོད་པ་ལས་ཐོན་མི་དེའི་གྲས་ཀྱི་མཛངས་མི་བཞི་པར་བསྔགས་སོ།། མཛངས་མི་ཞེས་པའི་མཁས་པའམ་ལག་རྗེས་ཆེན་པོ་ཅན་གྱི་དོན་ནོ།། འདི་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས། བོད་ཕྲུག་མཛངས་པའི་མི་བདུན་གྱི། །བཞི་པར་ཐོན་མི་བགྲང་མོད་ཀྱང་། །དེ་ཀུན་མཚུངས་པ་མ་ཡིན་ཏེ། །མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར། །

  བོད་ཡིག་གི་ཡིག་གཟུགས་ནང་ཡིག་གཟུགས་མཁས་ཅན་ཆེན་པོ་བརྒྱད་ཀྱིས་གསར་གཏོད་བྱས་པའི་དབུ་ཅན་གཟུགས་ཆེན་པོ་བརྒྱད་ཡོད་པ་སྟེ། ཐོན་མིའི་སྦལ་ནག་ན་ཁར་སྦྲད་འདྲ་གཟུགས་དང་གྲ་ཤོད་རྣམ་གཉིས་ཀྱི་སེང་གེ་གནམ་ལ་འཕྱོངས་འདྲ་གཟུགས་དང་འབྲེ་བ་ཡོན་ཏན་གྱི་ཉ་མོ་ཆུ་ནང་ནས་ཕྱུང་འདྲ་གཟུགས་དང་ཆབ་དཀར་བེའུ་ཚེས་ཀྱི་བྱ་ཕོ་འཇོལ་འདྲ་གཟུགས་དང་དགེ་བསྟེན་དཀོན་མཆོག་གི་ནས་སྔོན་ཕྱིང་དཀར་སྟེང་བཀྲམ་པ་འདྲ་གཟུགས་དང་ཆ་ངར་རིན་ཆེན་འབར་གྱི་སོ་ཕག་གཤིབ་འདྲ་གཟུགས་དང་ཚེ་སྤོང་བྱང་ཆུབ་ཀྱི་སྦུར་ནག་བགྲད་འདྲ་གཟུགས་དང་བྷ་ཤོ་ཁྲམ་མམ་ཤཱཀྱ་དཀོན་གྱི་མུ་ཏིག་བསྟར་ལ་བརྒྱུད་འདྲ་གཟུགས་བཅས་བརྒྱད་ཡིན། བོད་ཀྱི་དུས་སྐབས་སུ་ད་དུང་གསང་བའི་རྩོམ་ལུས་དང་སྦས་སྐུང་གཟུགས་འཕྲུལ་སྣང་གཟུགས་སོགས་དཔེ་གཟུགས་མང་པོ་ཐོན་ཡོད།

ཡིག་གཟུགས་ཆེན་པོ་བརྒྱད།

图片3.png

图片4.png

图片5.png

图片6.png

图片7.png

图片8.png

图片9.png

图片10.png

    བོད་རིགས་མི་དམངས་ཀྱིས་སྔར་ནས་བཟུང་ཡི་གེའི་ཡིག་གཟུགས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་ཡི་གེ་ནི་ཧ་ཅང་བླ་ན་མེད་པ་ཞིག་དང་མི་རིགས་ཤིག་གི་རྩ་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་ཚང་མས་ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ་མུ་མཐུད་ནས་སྔར་ལས་དར་བཞིན་རྒྱས་པ་ཡོང་བ་སྨོན་མཇུག་ཏུ་ང་ཚོའི་ཕ་སྐད་ཁྲི་ལོར་བརྟན་པ་དང་ཚང་མས་བོད་སྐད་ཡིག་ལ་འཛིན་པའི་ལྟ་སྟངས་ཇེ་མཐོ་དང་མཐོང་ཇེ་ཆེར་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ།

གསལ་བཤད། ཟིན་བྲིས་འདི་ནི་ཡོངས་འཛིན་དྲ་བ་དང་མཚོ་སྔོན་པོ་དྲ་བ་སོགས་ལས་བྱུང་བའི་རྒྱུ་ཆ་བཅོས་སྒྲིག་བྱས་ཏེ་གྲུབ།


མཉམ་སྤྱོད།