མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག (དང་པོ)

2024-05-07 15:50:07   |   1384

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་རྒྱ་སྐད་གཉིས་ཡིག་སྒྱུར་འཕྲིན་ཕྲན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240507160632.jpg

༄༅། །ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག

(2003ལོའི་ཟླ12ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་། 2003ལོའི་ཟླ12ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས། 2023ལོའི་ཟླ12ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་བཟོ་བཅོས་ཐེངས་གསུམ་པ་བརྒྱབ། 2023ལོའི་ཟླ12ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས།)

ལེ་ཚན་དང་པོ། སྤྱིའི་དོན་ཚན།

ལེའུ་དང་པོ། སྤྱིའི་བླང་བྱ་དང་སྤྱད་འཐུས་ཁྱབ་ཁོངས་ཀྱི་སྐོར།

དོན་ཚན་དང་པོ། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་དང་། ཏང་གི་སྒྲིག་ཁྲིམས་ནན་གཏོང་། ཏང་གི་རྩ་འཛུགས་དྭངས་གཙང་ཡོང་བ། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་། ཏང་ཡོན་ལ་སློབ་གསོ་བརྒྱབ་ནས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱེད་པར་འགན་ལེན་ཡོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

དོན་ཚན་གསུམ་པ། ཏང་གི་སྒྲིག་ཡིག་ནི་ཏང་ནང་གི་ཆེས་རྩ་བར་གྱུར་པའི་ཁྲིམས་སྲོལ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྤྱིའི་སྒྲིག་ལམ་ཡིན། ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བསྲུང་དགོས་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཡིན། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་སྐྱེད་པ། ཐོག་མཐའ་བར་གསུམ་དུ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། དབང་ཆའི་ལྟ་བ་དང་། སྲིད་འབྲས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་པ་ལག་ལེན་ཏན་ཏིག་བཅས་བྱས་ཏེ། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་སྲུང་སྐྱོང་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་ནན་པོ་བྱེད་པ། རང་རྟོགས་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དང་ལེན་ཞུ་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དཔེ་སྟོན་གྱིས་བརྩི་སྲུང་ཞུ་བ་བཅས་བྱེད་དགོས།

དོན་ཚན་བཞི་པ། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལས་ཀས་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།  ནན་པོའི་དགོངས་གཞི་དང་། ནན་པོའི་བྱེད་ཐབས། ནན་པོའི་ངང་ཚུལ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་བརྒྱབ་སྟེ། སྒྲིག་ཁྲིམས་སྔོན་ལ་འཇོག་པ་དང་། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱེད་པ་དང་། རྐྱེན་རྩ་ཆུང་ཟློག་བྱེད་དགོས།

(གཉིས།) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ངེས་པར་དུ་སྒྲིག་ཁྲིམས་གཟབ་ནན་དང་དྲང་གཞག་གིས་ལག་བསྟར་བྱེད་དགོས་པ་ལས། ཏང་ནང་དུ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་མི་ཐེབས་པའི་ཏང་རྩ་འཛུགས་དང་ཏང་ཡོན་གང་ཡང་ཡོད་མི་ཆོག

(གསུམ།) དངོས་ཐོག་བདེན་འཚོལ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་རིགས་ལ་དོན་དངོས་གཞིར་འཛིན་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་གཞིར་བཟུང་ནས། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་སྣ་སྦྲེལ་བྱེད་པ་དང་། བྱ་སྤྱོད་ཀྱི་ངོ་བོ་ངོས་འཛིན་ཡང་དག་བྱེད་དགོས་ལ། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་འོས་འཚམ་བྱེད་དགོས།

(བཞི།) དམངས་གཙོ་གཅིག་སྡུད་ལམ་ལུགས། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ལག་བསྟར་བྱེད་པར་གཏན་འབེབས་ཀྱི་ལས་རིམ་ལྟར་ཏང་རྩ་འཛུགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་པ་ལས། མི་སྒེར་སུ་ཞིག་དང་མི་ཉུང་ཤས་ཀྱིས་རང་དགར་ཐག་གཅོད་པ་དང་ཆོག་མཆན་སྤྲོད་རིགས་བྱེད་མི་ཆོག གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་བྱས་པའི་ཆོད་དོན་བཞག་པ་དེ་འོག་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ལག་བསྟར་བྱེད་དགོས།

(ལྔ།) སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ཐག་གཅོད་བྱེད་པར་ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་ཐོག་གུ་ཡངས་དང་ནན་པོ་མཉམ་བཀོལ་བྱ་རྒྱུ།

དོན་ཚན་ལྔ་པ། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་“རྣམ་པ་བཞི་”བཀོལ་སྤྱོད་གཏིང་ཟབ་བྱས་ནས། རྟག་ཏུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ་དང་། དུས་ཐོག་ཏུ་ཁ་བརྡ་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། ཞིབ་བཤེར་བྱེད་འགན་དཀྲི་བ། བསླབ་འདོམས་སྐུལ་ལྕག་བཅས་བྱས་ནས་“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ་”དེ་རྒྱུན་རྣམ་དུ་འགྱུར་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་མོ་གཅོད་པ་དང་རྩ་འཛུགས་ལེགས་སྒྲིག་བྱ་རྒྱུ་དེ་སྒྲིག་འགལ་ཐག་གཅོད་བྱེད་ཐབས་མང་ཤོས་སུ་འགྱུར་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ལྕི་མོ་གཅོད་པ་དང་ལས་གནས་ལེགས་སྒྲིག་ཆེན་པོ་བྱེད་པ་དེ་ཉུང་ཤས་སུ་འགྱུར་བ། སྒྲིག་འགལ་ཚབས་ཆེན་བཟོས་ནས་ཉེས་གསོག་དོགས་པ་ཡོད་པར་ཉེས་འགན་བདའ་འདེད་གཏོང་བ་དེ་ཆེས་ཉུང་ཤས་སུ་འགྱུར་བ་བཅས་བྱེད་དགོས།

དོན་ཚན་དྲུག་པ། སྲོལ་ཡིག་འདི་ཏང་གི་སྒྲིག་ཁྲིམས་དང་འགལ་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་ངེས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ལ་སྤྱད་འཐུས།
ལེའུ་གཉིས་པ། སྒྲིག་འགལ་དང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཕྱོགས་སྐོར།

དོན་ཚན་བདུན་པ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་བཅས་དང་འགལ་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་གཏན་འབེབས་ལྟར་སྒྲིག་ཁྲིམས་ཐོག་ནས་ཐག་གཅོད་དམ་ཆད་པ་གཅོད་དགོས་རིགས་ཚང་མར་ངེས་པར་དུ་བདའ་འདེད་གཏོང་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚོད་མེད་ཅིང་མཚམས་མི་འཇོག་པ། གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱས་པ་གཅིག་བསྡུས་ཡིན་ཞིང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་བསྲེས་པའི་རུལ་སུངས་ཀྱི་གྱོད་གཞི་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གཙོ་བོར་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱད་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་རིགས་གཤམ་གསལ།

(གཅིག) ཐ་ཚིག་སྒྲོག་པ།

(གཉིས།) ཐ་ཚིག་ནན་པོ་སྒྲོག་པ།

(གསུམ།) ཏང་ནང་གི་གོ་གནས་མེད་པར་བཟོ་བ།

 (བཞི།) ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ།

 (ལྔ།) ཏང་གི་སྐྱིད་སྡུག་ནས་འབུད་པ།
 ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་དེར་ཡིག་ཐོག་ནས་ཞིབ་བཤེར་བྱེད་འགན་དཀྲི་བའམ་ཡང་ན་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བ་དང་རང་ངོས་ནས་ཡོ་བསྲང་ཡང་བྱེད་མི་ཐུབ་པའི་ཏང་རྩ་འཛུགས་ལ་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་རྩད་གཅོད་ཁུངས་འཚོལ་བྱས་རྗེས། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། གཤམ་གསལ་ལྟར་ཐག་གཅོད་བྱེད་ཆོག་པ་སྟེ།

(གཅིག) བསྐྱར་སྒྲིག་བྱེད་པ།

(གཉིས།) ཁ་གཏོར་བ།

དོན་ཚན་བཅུ་པ། ཏང་ཡོན་ལ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ནས་ལོ་གཅིག་ནང་ཚུན་དང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ནས་ལོ་གཅིག་དང་ཕྱེད་ཀའི་ནང་ཚུན་དུ། དེ་ཉིད་ཏང་ནང་དུ་གོ་གནས་སྤོར་བའམ་སྔར་བས་བཀོལ་སྤྱོད་བྱེད་མི་ཆོག་ལ། ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་རྒྱུའམ་སྔར་བས་བཀོལ་སྤྱོད་བྱེད་པར་འོས་སྦྱོར་བྱེད་མི་ཆོག

དོན་ཚན་བཅུ་གཅིག་པ། ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་གཅོད་ཅེས་པ་ནི་ཆད་པ་ཕོག་པའི་ཏང་ཡོན་ལ་ཏང་ནང་གི་འདེམས་བསྐོའམ་ཡང་ན་རྩ་འཛུགས་ཀྱིས་བསྐོ་གཞག་བྱས་པའི་ཏང་ནང་གི་གོ་གནས་མེད་པར་བཟོ་བར་ཟེར། ཏང་ནང་དུ་གོ་གནས་གཉིས་ཡན་འཁུར་མཁན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་རྒྱུའི་ཐག་གཅོད་སྐབས། དེའི་གོ་གནས་ཚང་མ་མེད་པར་བཟོ་བའམ་ཡང་ན་གོ་གནས་གཅིག་གམ་ཁ་ཤས་མེད་པར་བཟོ་རྒྱུ་ཡིན་པ་ཁ་གསལ་བཟོ་དགོས། གལ་ཏེ་དེའི་གོ་གནས་གཅིག་མེད་པར་བཟོ་རྒྱུའི་ཐག་བཅད་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་དེ་མེད་པར་བཟོ་རྒྱུ། གལ་ཏེ་དེའི་གོ་གནས་གཉིས་ཡན་མེད་པར་བཟོ་རྒྱུའི་ཐག་བཅད་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་ནས་རིམ་པ་ལྟར་མེད་པར་བཟོ་རྒྱུ། ཏང་ཕྱིའི་རྩ་འཛུགས་ནང་གོ་གནས་འཁུར་མཁན་ལ་ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་འགོ་འདོན་དགོས།

གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱེད་སྐབས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་དོགས་གཞི་ཡོད་པས་གོ་གནས་བླངས་པའི་ཏང་ཡོན་ཞིབ་བཤེར་བྱས་རྗེས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་ན། དེའི་སྔོན་གྱི་གོ་གནས་ལྟར་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་དགོས། ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་མོད། འོན་ཀྱང་རང་ཉིད་ཀྱིས་ཏང་ནང་གི་གོ་གནས་འཁུར་མེད་ན། དེར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་དགོས། དུས་མཚུངས་སུ་ཏང་ཕྱིའི་རྩ་འཛུགས་སུ་གོ་གནས་འཁུར་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་འགོ་འདོན་དགོས།

ཏང་ཡོན་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་ཕོག་པའམ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་རིགས། ལོ་གཉིས་ནང་ཚུན་དུ་ཏང་ནང་དུ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག

དོན་ཚན་བཅུ་གཉིས་པ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དེ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་པ་དང་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་བྱེད་པ་གཉིས་སུ་དབྱེ་ཡོད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ལོ་གཅིག་ཕོག་པའི་ཏང་ཡོན་དེའི་ཆད་གཅོད་དུས་བཀག་འཐིམ་ཡང་སྔར་བཞིན་ཏང་ཡོན་གྱི་ཁེ་དབང་སླར་གསོའི་ཆ་རྐྱེན་དང་མ་མཐུན་ན། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་ལོ་གཅིག་ནར་འགྱངས་བྱ་རྒྱུ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་དུས་བཀག་རིང་ཤོས་ལོ་གཉིས་ལས་བརྒལ་མི་ཆོག

ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་རིང་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། གདམ་བྱའི་དབང་ཆ་བཅས་གང་ཡང་མེད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རིང་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ཡོད་ན། དུས་བཀག་ཐིམ་རྗེས་དེའི་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱ་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་སྒྲིག་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པ་བསྐྱར་དུ་ཤེས་ཚེ། ཏང་གི་སྐྱིད་སྡུག་ནས་འབུད་དགོས།

ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་ཚེ། དེའི་ཏང་ནང་གི་གོ་གནས་རང་བཞིན་གྱིས་མེད་པར་བཟོ་རྒྱུ། ཏང་ཕྱིའི་གོ་གནས་འཁུར་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་འགོ་འདོན་དགོས། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་པའི་ཏང་ཡོན་གྱིས་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་རྗེས་ཀྱི་ལོ་གཉིས་ནང་ཚུན་དུ་ཏང་ནང་དུ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག

དོན་ཚན་བཅུ་གསུམ་པ། ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་ཕོག་ན། ལོ་ལྔའི་ནང་ཚུན་དུ་ཏང་ནང་བསྐྱར་དུ་ཞུགས་མི་ཆོག་ལ། དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་རྒྱུར་འོས་སྦྱོར་ཡང་བྱེད་མི་ཆོག ཏང་ནང་བསྐྱར་དུ་ཞུགས་མི་ཆོག་པའི་གཏན་འབེབས་གཞན་ཡོད་ན་གཏན་འབེབས་ལྟར་བྱ་རྒྱུ།

དོན་ཚན་བཅུ་བཞི་པ། ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ་དང་། དུས་མཚུངས་སུ་རྩ་འཛུགས་ཀྱི་ཐག་གཅོད་བྱེད་དགོས་རིགས་ལ་ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་རྩ་འཛུགས་ཀྱི་ཐག་གཅོད་བྱེད་དགོས།

ཏང་གི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ་ཡན་གྱི་ཆད་པ་ཕོག་ན། ཏང་རྩ་འཛུགས་ཀྱིས་དེའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་དགོས།

དོན་ཚན་བཅོ་ལྔ་པ། བསྐྱར་སྒྲིག་ཐག་གཅོད་ཀྱི་ཆད་པ་ཕོག་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་ཡིན་ན། ཏང་ནང་གི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་གཅོད་དགོས་པ་ཕུད་དེ་དག་གི་གོ་གནས་ཚང་མ་རང་བཞིན་གྱིས་མེད་པར་གྱུར་པ་ཡིན།

དོན་ཚན་བཅུ་དྲུག་པ། རྩ་བཤིག་གཏོང་རྒྱུའི་ཆད་པ་ཕོག་པའི་ཏང་རྩ་འཛུགས་ནང་གི་ཏང་ཡོན་ལ་རེ་རེ་བཞིན་དུ་ཞིབ་བཤེར་བྱ་རྒྱུ། དེའི་ནང་གི་ཏང་ཡོན་གྱི་ཆ་རྐྱེན་དང་མཐུན་པ་བསྐྱར་དུ་ཐོ་འགོད་བྱེད་དགོས་པ་མ་ཟད། རྩ་འཛུགས་གསར་པའི་ནང་ཞུགས་ནས་ཏང་གི་འཚོ་བ་སྐྱེལ་དུ་འཇུག་དགོས། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་སློབ་གསོ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་ཤིང་། སློབ་གསོ་བཏང་ནའང་སྔར་བཞིན་འགྱུར་ལྡོག་མི་གཏོང་མཁན་ནི་འཐེན་སྐུལ་ལམ་མིང་ཐོ་ནས་གསུབ་རྒྱུ། སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་ན་གཏན་འབེབས་ལྟར་བདའ་འདེད་བྱ་རྒྱུ།

ལེའུ་གསུམ་པ། སྒྲིག་ཁྲིམས་ཀྱི་ཆད་གཅོད་བེད་སྤྱོད་བྱེད་སྟངས་ཀྱི་སྒྲིག་སྲོལ་སྐོར།

དོན་ཚན་བཅུ་བདུན་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཆད་པ་ཡང་མོ་གཅོད་པའམ་ཆད་པ་ཇེ་ཡང་དུ་བཏང་ཆོག་པ་སྟེ།

(གཅིག) རང་ཉིད་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་ངེས་ཀྱི་གནད་དོན་རང་འགུལ་གྱིས་ངོས་ལེན་ཞུ་བ།

(གཉིས།)རྩ་འཛུགས་ཀྱིས་ཁ་བརྡ་དང་ཡིག་སྐུར་འདྲི་རྩད། ཐོག་མའི་ཞིབ་བསྡུར་བྱེད་པ། གྱོད་ཐོ་བཀོད་དེ་ཞིབ་བཤེར་བཅས་བྱེད་རིམ་ཁྲོད་དུ་ཞིབ་བསྡུར་ཞིབ་བཤེར་གྱི་ལས་ཀ་ལ་རམ་འདེགས་བྱས་ནས་རང་ཉིད་ཀྱི་སྒྲིག་འགལ་ཁྲིམས་འགལ་དོན་དངོས་ཇི་མ་ཇི་བཞིན་ཞུ་བ།

(གསུམ།) གྱོད་གཞི་གཅིག་ལ་འབྲེལ་བའི་སྐྱེ་བོའམ་ཡང་ན་མི་གཞན་དག་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་བཅའ་ཁྲིམས་ཀྱི་ཐོག་ནས་བདའ་འདེད་གཏོང་དགོས་པའི་གནད་དོན་ཐེར་འདོན་བྱས་པ་དེ་རྩད་ཞིབ་ཀྱིས་འཛོལ་མེད་ཡིན་པའི་ར་འཕྲོད་བྱུང་བའམ་བྱས་རྗེས་བཞག་པའི་རྣམ་འགྱུར་གཞན་དག་ཡོད་པ།

(བཞི།) རང་འགུལ་གྱིས་གྱོང་གུན་སེལ་བ་དང་ཤུགས་རྐྱེན་ངན་པ་མེད་པར་བཟོ་བའམ་གནོད་འཚེའི་མཇུག་འབྲས་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱས་པ།

(ལྔ།) སྒྲིག་འགལ་གྱི་ཐོབ་ཆ་རང་འགུལ་གྱིས་གོང་འབུལ་བྱེད་པའམ་སྐྱིན་ཚབ་སྤྲོད་འཇལ་བྱས་པ།

(དྲུག) ཏང་ནང་གི་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆད་པ་ཡང་མོ་གཅོད་པའམ་ཆད་པ་ཇེ་ཡང་དུ་གཏོང་བའི་གནས་ཚུལ་གཞན་དག་ཡོད་པ།

དོན་ཚན་བཅོ་བརྒྱད་པ། གྱོད་དོན་གྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས། ཀྲུང་དབྱང་སྒྲིག་ཨུས་ཐག་བཅད་པའམ་ཞིང་ཆེན་(པུའུ་)རིམ་པའི་སྒྲིག་ཨུ་(ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་སྒྲིག་ཨུ་ཚུད་མེད་)ཡིས་ཐག་བཅད་པ་མ་ཟད། ཀྲུང་དབྱང་སྒྲིག་ཨུ་ལ་ཆོག་མཆན་ཞུ་རྒྱུར་འབུལ་དགོས་པ་དང་། སྒྲིག་འགལ་ཏང་ཡོན་ལ་སྲོལ་ཡིག་འདིའི་གཏན་འབེབས་ནང་འཁོད་ཆད་པ་གཅོད་ཚད་ཕུད་པའི་ཆད་པ་ཇེ་ཡང་དུ་བཏང་ནའང་ཆོག

དོན་ཚན་བཅུ་དགུ་པ། ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་ན་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས། འོན་ཀྱང་སྲོལ་ཡིག་འདིའི་དོན་ཚན་བཅུ་བདུན་པའི་གཏན་འབེབས་ནང་འཁོད་ཀྱི་གནས་ཚུལ་ལས་རིགས་གཅིག་ཡོད་པའམ་སྲོལ་ཡིག་འདིའི་ཞིབ་གསལ་དོན་ཚན་ནང་གཏན་འབེབས་གཞན་ཡོད་རིགས། སྐྱོན་བརྗོད་སློབ་གསོ་དང་། ཞིབ་བཤེར་བྱེད་འགན་དཀྲི་བ། དྲན་སྐུལ་སློབ་གསོའམ་རྩ་འཛུགས་ཀྱི་ཐག་གཅོད་བྱེད་ཆོག་པ་ལས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་མི་གཅོད་རྒྱུ། སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་མི་དགོས་པ་ཡིན་ཚེ་ཡིག་ཐོག་གི་སྡོམ་ཚིག་འཇོག་དགོས།

ཏང་ཡོན་ལ་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཐད་ཀྱི་མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཡོད་པའམ་ཡང་ན་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་ཚབས་ཆུང་ཡིན་ན། དེར་ཁ་བརྡ་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། ཞིབ་བཤེར་བྱེད་འགན་དཀྲི་བ་སོགས་བྱེད་ཆོག ཡང་ན་དྲན་སྐུལ་སློབ་གསོ་བཏང་ནས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་མི་གཅོད་རྒྱུ།

ཏང་ཡོན་གྱི་བྱ་སྤྱོད་ཀྱིས་གྱོང་གུན་ནམ་མཇུག་འབྲས་བཟོས་མོད། འོན་ཀྱང་དེ་ནི་ཤེས་བཞིན་དུ་བྱས་པའམ་ལས་འཛོལ་ཤོར་བ་མིན་པར། འགོག་ཐབས་མེད་པ་སོགས་ཀྱི་རྐྱེན་ལས་བྱུང་བ་ཞིག་ཡིན་ན། ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་མི་བྱེད།

དོན་ཚན་ཉི་ཤུ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཆད་པ་ལྕི་མོ་གཅོད་པའམ་ཆད་པ་ཇེ་ལྕི་རུ་གཏོང་དགོས་པ་སྟེ།

(གཅིག) མི་གཞན་གྱིས་སྒྲིག་འགལ་བྱེད་པར་བཙན་ཤེད་དང་ངན་སྐུལ་བྱེད་པ།

(གཉིས།) སྒྲིག་འགལ་གྱི་ཐོབ་ཆ་གོང་འབུལ་མི་བྱེད་པའམ་ཡང་ན་སྐྱིན་ཚབ་འཇལ་སྤྲོད་མི་བྱེད་པ།

(གསུམ།) སྒྲིག་འགལ་བྱས་ནས་ཆད་པ་ཕོག་རྗེས། ཡང་བསྐྱར་བསམ་བཞིན་དུ་སྒྲིག་འགལ་བྱས་པའི་དབང་གིས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ།

(བཞི།) སྒྲིག་འགལ་བྱས་ནས་ཆད་པ་ཕོག་རྗེས། ཆད་པ་མ་ཕོག་གོང་རྩིས་སྤྲོད་བྱས་མེད་པའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་གནད་དོན་གཞན་དག་བསྐྱར་དུ་ཤེས་པ།

(ལྔ།) ཏང་ནང་གི་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆད་པ་ལྕི་མོ་གཅོད་པའམ་ཇེ་ལྕི་རུ་གཏོང་བའི་གནས་ཚུལ་གཞན་དག་ཡོད་པ།

དོན་ཚན་ཉེར་གཅིག་པ། ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་ཤུགས་རྐྱེན་ཐེབས་ཡུན་ནང་བསྐྱར་དུ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་ན། དེའི་ཤུགས་རྐྱེན་ཐེབས་ཡུན་ནི་ཐོག་མའི་ཆད་པ་ལག་བསྟར་བྱས་མེད་པའི་ཤུགས་རྐྱེན་ཐེབས་ཡུན་དང་ཆད་གཅོད་གསར་པའི་ཤུགས་རྐྱེན་ཐེབས་ཡུན་གྱི་བསྡོམས་གྲངས་ཡིན།

དོན་ཚན་ཉེར་གཉིས་པ། ཆད་པ་ཡང་མོ་གཅོད་པ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ནང་ཚུན་དུ་ཅུང་ཡང་བའི་ཆད་པ་གཅོད་རྒྱུར་ཟེར།
ཆད་པ་ལྕི་མོ་གཅོད་པ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ནང་ཚུན་དུ་ཅུང་ལྕི་བའི་ཆད་པ་གཅོད་རྒྱུར་ཟེར།

དོན་ཚན་ཉེར་གསུམ་པ། ཆད་པ་ཇེ་ཡང་དུ་གཏོང་བ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ལས་རིམ་པ་གཅིག་ཡང་དུ་བཏང་ནས་ཆད་པ་གཅོད་རྒྱུར་ཟེར།
ཆད་པ་ཇེ་ལྕི་རུ་གཏོང་བ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ལས་རིམ་པ་གཅིག་གིས་ཇེ་ལྕི་རུ་བཏང་ནས་ཆད་པ་གཅོད་རྒྱུར་ཟེར།
སྲོལ་ཡིག་འདིའི་གཏན་འབེབས་ནང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་གཅོད་རིམ་པ་གཅིག་ཁོ་ན་ལས་མེད་པའི་སྒྲིག་འགལ་བྱ་སྤྱོད་ལ། ནང་གསེས་དོན་ཚན་དང་པོའི་ཆད་པ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་སྤྱད་མི་འཐུས།

དོན་ཚན་ཉེར་བཞི་པ། མི་གཅིག་ལ་སྲོལ་ཡིག་འདིའི་ནང་འཁོད་གཏན་འབེབས་ཀྱི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་ངེས་ཀྱི་སྒྲིག་འགལ་བྱ་སྤྱོད་གཉིས་ཡན་ཡོད་ན། ཟླ་སྒྲིལ་བཏང་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། དེའི་སྒྲིག་འགལ་བྱ་སྤྱོད་རིགས་དུ་མའི་ཁྲོད་ནས་ཕོག་དགོས་པའི་ཆད་པ་མཐོ་ཤོས་ལས་ཀྱང་རིམ་པ་གཅིག་གིས་ཇེ་ལྕི་རུ་བཏང་ནས་ཆད་པ་གཅོད་རྒྱུ། དེའི་ནང་གི་སྒྲིག་འགལ་བྱ་སྤྱོད་རིགས་གཅིག་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་ན། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ཉེར་ལྔ་པ། སྒྲིག་འགལ་བྱ་སྤྱོད་གཅིག་གིས་དུས་མཚུངས་སུ་སྲོལ་ཡིག་འདིའི་དོན་ཚན་གཉིས་ཡན་དང་འགལ་ན། ཆད་པ་ཅུང་ལྕི་མོ་གཅོད་པའི་དོན་ཚན་ལྟར་ངོ་བོ་གཏན་ཁེལ་གྱིས་ཐག་གཅོད་བྱ་རྒྱུ།

དོན་ཚན་ཞིག་གི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་གྱི་གྲུབ་ཆའི་ཆ་རྐྱེན་གལ་ཆེན་ཡོངས་རྫོགས་དོན་ཚན་གཞན་ཞིག་གི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་གྲུབ་ཆའི་ཆ་རྐྱེན་གལ་ཆེན་ནང་ཚུད་ཡོད་པ་མ་ཟད། དམིགས་བསལ་གྱི་གཏན་འབེབས་དང་སྤྱིར་བཏང་གི་གཏན་འབེབས་བར་གཅིག་མཐུན་མ་བྱུང་ན། དམིགས་བསལ་གྱི་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་དྲུག་པ། མི་གཉིས་ཡན་གྱིས་མཉམ་དུ་བསམ་བཞིན་དུ་སྒྲིག་འགལ་བྱས་ན། གཙོ་བོ་དེར་ཆད་པ་ལྕི་མོ་གཅོད་དགོས་པ་དང་། སྲོལ་ཡིག་འདིའི་ནང་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། ཁོངས་མི་གཞན་པར་མཉམ་དུ་སྒྲིག་འགལ་བྱས་པའི་ཁྲོད་ཐོན་པའི་ནུས་པ་དང་འཁུར་དགོས་པའི་འགན་འཁྲི་ལྟར་སོ་སོར་ཆད་པ་གཅོད་རྒྱུ།

དཔལ་འབྱོར་ཐད་མཉམ་དུ་སྒྲིག་འགལ་བྱས་ན། མི་སྒེར་ཞུགས་པའི་གྲངས་འབོར་དང་དེས་ཐོན་པའི་ནུས་པ་ལྟར་སོ་སོར་ཆད་པ་གཅོད་རྒྱུ། མཉམ་དུ་སྒྲིག་འགལ་བྱས་པའི་ཉེས་ཅན་གཙོ་བོའི་གནས་ཚུལ་ཚབས་ཆེན་ཡིན་ན། མཉམ་དུ་སྒྲིག་འགལ་བྱས་པའི་སྤྱིའི་གྲངས་འབོར་ལྟར་ཆད་པ་གཅོད་རྒྱུ།
སྐྱེ་བོ་གཞན་ལ་ངན་སྐུལ་གྱིས་སྒྲིག་འགལ་བྱེད་དུ་བཅུག་ན། དེས་མཉམ་དུ་སྒྲིག་འགལ་བྱས་པའི་ཁྲོད་ཐོན་པའི་ནུས་པར་གཞིགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་ཉེར་བདུན་པ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིས་མཉམ་དུ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཆོད་དོན་བཞག་པའམ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་གཞན་དག་སྤེལ་ན། མཉམ་དུ་བསམ་བཞིན་དུ་བྱས་པའི་ཁོངས་མིར་མཉམ་དུ་སྒྲིག་འགལ་ལྟར་ཐག་གཅོད་བྱ་རྒྱུ། ལས་འཛོལ་ཤོར་བའི་རྐྱེན་གྱིས་སྒྲིག་ཁྲིམས་དང་འགལ་བའི་ཁོངས་མིར་རང་སོ་སོས་མཉམ་དུ་སྒྲིག་འགལ་བྱས་པའི་ཁྲོད་ཐོན་པའི་ནུས་པ་དང་འཁུར་དགོས་ངེས་ཀྱི་འགན་འཁྲི་ལྟར་སོ་སོར་ཆད་པ་གཅོད་རྒྱུ།

ལེའུ་བཞི་པ། ཁྲིམས་འགལ་ཉེས་གསོག་གི་ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཕྱོགས་སྐོར།

དོན་ཚན་ཉེར་བརྒྱད་པ། ཁྲིམས་འགལ་བྱས་ཉེས་བསགས་པའི་ཏང་ཡོན་ལ་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ནས་སྒྲིག་ཁྲིམས་འཚམ་སྤྱོད་དང་བཅའ་ཁྲིམས་འཚམ་སྤྱོད་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་སོགས་ཀྱི་ཆད་གཅོད་ཆ་མཐུན་ཡོང་བར་བྱེད་དགོས།

དོན་ཚན་ཉེར་དགུ་པ། སྒྲིག་ཁྲིམས་ཞིབ་བཤེར་བྱེད་རིང་ཏང་ཡོན་ལ་ལྐོག་རྔན་ཟ་ལེན་དང་། འགན་དབང་གང་བྱུང་དུ་སྤྱོད་པ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། དབང་བརྟེན་ཁེ་གཉེར། ཁེ་ཕན་སྐྱེལ་སྤྲོད། ཉེར་ཕྱོགས་གཡོ་ཟོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་ཆུད་ཟོས་སུ་གཏོང་བ་སོགས་བཅའ་ཁྲིམས་དང་འགལ་བའི་ཉེས་གསོག་དོགས་གཞི་ཡོད་པའི་བྱ་སྤྱོད་ཡོད་པ་ཏང་རྩ་འཛུགས་ཀྱིས་ཤེས་རྟོགས་བྱུང་ཚེ། དེའི་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་སུམ་ཅུ་པ། སྒྲིག་ཁྲིམས་ཞིབ་བཤེར་བྱེད་རིང་ཏང་ཡོན་ལ་ཉེས་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་བྱ་སྤྱོད་ཡོད་པ་ཏང་རྩ་འཛུགས་ཀྱིས་ཤེས་རྟོགས་བྱུང་ཚེ། བྱས་ཉེས་སུ་མ་གྲུབ་ཀྱང་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་སམ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་བཏང་བ་དང་། བདེ་སྲུང་དོ་དམ་དང་འགལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པའི་རྐྱེན་གྱིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་རིགས་ལ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ནས་འབུད་པའི་བར་གྱི་ཆད་པ་གཅོད་རྒྱུ།

རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་ནས། སྤྱི་པའི་མ་དངུལ་གཏོང་ཡོང་དང་། ཁྲལ་དོན་དོ་དམ། གཞུང་ཁོངས་རྒྱུ་ནོར་དོ་དམ། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ། དངུལ་རྩའི་དོ་དམ། ནོར་དོན་རྩིས་གཉེར་དོ་དམ་སོགས་ནོར་སྲིད་དཔལ་འབྱོར་གྱི་བྱེད་སྒོའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

ཏང་ཡོན་ལ་འཆལ་པོ་རྒྱུག་པའམ་དུག་རྫས་འཐེན་པ་དང་དུག་ཁབ་རྒྱག་པ་སོགས་ཏང་ཡོན་གྱི་ཆ་རྐྱེན་ཤོར་ནས་ཏང་གི་སྣང་བརྙན་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་བྱ་སྤྱོད་ཡོད་ན། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་སོ་གཅིག་པ། སྒྲིག་ཁྲིམས་ཞིབ་བཤེར་བྱེད་རིང་ཏང་ཡོན་གྱིས་སྒྲིག་འགལ་ཚབས་ཆེན་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པ་ཏང་རྩ་འཛུགས་ཀྱིས་ཤེས་རྟོགས་བྱུང་ཚེ། རྩ་དོན་གྱི་ཐོག་ནས་སྔོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་ཆོད་དོན་འཇོག་དགོས་པ་མ་ཟད། གཏན་འབེབས་ལྟར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་དོན་གྱི་ཆད་པ་གཅོད་རྒྱུའམ་བསྐོ་འཐེན་ལས་ཁུངས་(སྡེ་ཚན་)ཀྱིས་ཆད་པ་བཅད་རྗེས། སླར་ཡང་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་སྤོ་སྐྱེལ་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་སོ་གཉིས་པ། ཁྲིམས་ལྟར་བཀག་འཇོག་དང་འཛིན་བཟུང་བྱས་པའི་ཏང་ཡོན་ཡིན་ན། ཏང་རྩ་འཛུགས་ཀྱིས་དོ་དམ་གྱི་དབང་ཚད་ལྟར་དེའི་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། གདམ་བྱའི་དབང་ཆ་སོགས་ཏང་ཡོན་གྱི་ཁེ་དབང་མཚམས་འཇོག་བྱ་རྒྱུ། ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱི་ཐག་གཅོད་བྱས་འབྲས་ལ་གཞིགས་ནས་གང་དེའི་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱེད་ཆོག་རིགས་དུས་ཐོག་ཏུ་སླར་གསོ་བྱ་རྒྱུ།

དོན་ཚན་སོ་གསུམ་པ། ཏང་ཡོན་གྱི་ཉེས་ཚབས་ཆུང་བས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཞུ་གཏུག་མི་བྱ་རྒྱུའི་ཐག་གཅོད་བྱས་རིགས་དང་། ཡང་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཉེས་པ་ཡོད་པའི་ཁྲིམས་ཐག་བཅད་ཀྱང་ཉེས་དོན་གྱི་ཆད་པ་མི་གཅོད་རྒྱུ་བྱས་ན། ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཏང་ཡོན་གྱིས་བྱས་ཉེས་བསགས་པར་དངུལ་ཆད་རྐྱང་པ་གཅོད་རྒྱུ་ཡིན་ན། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་སོ་བཞི་པ། ཏང་ཡོན་གྱིས་བྱས་ཉེས་བསགས་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) བསམ་བཞིན་དུ་ཉེས་པ་བསགས་པའི་རྐྱེན་གྱིས་ཁྲིམས་ལྟར་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་ཆད་གཙོ་བོ་(ཁྲིམས་ཆད་འགྱངས་གཅོད་ཁྱབ་བསྒྲགས་བྱས་པ་ཚུད་)ཕོག་པ།

(གཉིས།) ཆབ་སྲིད་ཀྱི་ཁེ་དབང་མེད་པར་བཟོ་བའི་ཉེས་ཆད་རྐྱང་པ་བཅད་པའམ་ཟུར་སྣོན་བྱས་པ།

(གསུམ།) ལས་འཛོལ་ཤོར་བའི་རྐྱེན་གྱིས་བྱས་ཉེས་བསགས་པར་ཁྲིམས་ལྟར་དུས་བཙོན་ལོ་གསུམ་ཡན་(ལོ་གསུམ་མི་ཚུད་)གྱི་ཉེས་ཆད་བཅད་པ།

ལས་འཛོལ་ཤོར་བའི་རྐྱེན་གྱིས་བྱས་ཉེས་བསགས་པར་དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་དམ་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་བཅད་རིགས། སྤྱིར་བཏང་དུ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ། ཏང་གི་སྐྱིད་སྡུག་ནས་འབུད་མི་དགོས་པའི་རེ་འགའ་ལ། སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་དབང་ཚད་ཀྱི་གཏན་འབེབས་ལྟར་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་སོ་ལྔ་པ། ཁྲིམས་ལྟར་ཉེས་འགན་བདའ་འདེད་ཀྱི་ཆད་པ་ཕོག་པའི་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་ཁྲིམས་འཛིན་ལས་ཁུངས་ཀྱི་ནུས་ཐོན་དཔྱད་མཚམས་དང་། ཁྲུན་བཅད། ཆོད་དོན། དེ་བཞིན་ངོས་འཛིན་བྱས་པའི་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་ལ་གཞིགས་ནས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་དང་། གཞུང་དོན་ལས་སྒྲུབ་པ་ཡིན་རིགས་ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བབ་མཚུངས་ཀྱི་སྲིད་དོན་ཆད་པ་གཅོད་རྒྱུའམ་བསྐོ་འཐེན་ལས་ཁུངས་(སྡེ་ཚན་)ཀྱིས་བབ་མཚུངས་ཀྱི་ཆད་པ་གཅོད་རྒྱུ།

ཏང་ཡོན་ལ་ཁྲིམས་ལྟར་སྲིད་དོན་གྱི་ཆད་པ་དང་བསྐོ་འཐེན་ལས་ཁུངས་(སྡེ་ཚན་)ཀྱིས་བཅད་པའི་ཆད་པ་དང་སྲིད་འཛིན་གྱི་ཆད་པ་ཕོག་སྟེ་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཡིན་ན། ཏང་རྩ་འཛུགས་ཀྱིས་ནུས་པ་ཐོན་པའི་ཆད་པ་དང་སྲིད་འཛིན་ཆད་གཅོད་ཀྱི་ཆོད་དོན་ནང་ངོས་འཛིན་བྱས་པའི་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་ལ་གཞིགས་ནས་ཞིབ་དཔྱད་བྱས་རྗེས་གཏན་འབེབས་ལྟར་བབ་མཚུངས་ཀྱི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ། དེའི་ནང་ཁྲིམས་ལྟར་གནས་དབྱུང་གཏོང་བ་ཡན་གྱི་ཆད་པ་ཕོག་པའི་ཏང་ཡོན་ལ་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་ནང་གི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་གཅོད་རྒྱུ།

ཏང་ཡོན་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་གི་སྒྲིག་སྲོལ་ལམ་ལུགས་དང་འགལ་ནས་ཆད་པ་གཞན་དག་ཕོག་སྟེ་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཡིན་ན། ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་ཕྱོགས་ནས་ངོས་འཛིན་བྱས་པའི་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་ལ་ཞིབ་དཔྱད་བྱས་རྗེས་གཏན་འབེབས་ལྟར་བབ་མཚུངས་ཀྱི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ།

ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུའི་ཆོད་དོན་བཞག་རྗེས། ལྟ་ཞིབ་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས། སྲིད་འཛིན་ལས་ཁུངས་སོགས་ཀྱིས་ཁྲིམས་ལྟར་དེ་སྔའི་ནུས་ཐོན་ཁྲིམས་བཅད་དང་། ཁྲུན་བཅད། ཆོད་དོན་སོགས་འགྱུར་བ་བཏང་ནས་དེ་སྔའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་དམ་རྩ་འཛུགས་ཀྱི་ཐག་གཅོད་ཆོད་དོན་ལ་ཤུགས་རྐྱེན་ཐེབས་རིགས། ཏང་རྩ་འཛུགས་ཀྱིས་འགྱུར་བ་བཏང་རྗེས་ཀྱི་ནུས་ཐོན་ཁྲིམས་བཅད་དང་། ཁྲུན་བཅད། ཆོད་དོན་སོགས་ལ་གཞིགས་ནས་བསྐྱར་དུ་བབ་མཚུངས་ཀྱི་ཐག་གཅོད་བྱ་རྒྱུ།

ལེའུ་ལྔ་པ། གཏན་འབེབས་གཞན་དག་གི་སྐོར།

དོན་ཚན་སོ་དྲུག་པ། གྲ་སྒྲིག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་ཞིང་ཉེས་ཚབས་ཆུང་ཙམ་ཡིན་པས་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་སོར་འཇོག་བྱེད་ཆོག་ན། ཏང་རྩ་འཛུགས་ཀྱིས་དེར་སྐྱོན་བརྗོད་སློབ་གསོ་གཏོང་བའམ་དེའི་གྲ་སྒྲིག་དུས་ཡུན་རིང་དུ་གཏོང་དགོས། ཉེས་ཚབས་ཆེ་ཙམ་ཡིན་པར་དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས།

དོན་ཚན་སོ་བདུན་པ། སྒྲིག་འགལ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཏང་ཡོན་ལ་གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་བྱེད་དགོས་པ་སྟེ།

(གཅིག) སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡོད་པས། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་ན། ཏང་རྩ་འཛུགས་ཀྱིས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཐག་གཅོད་བྱེད་དགོས།

(གཉིས།) གོང་འཁོད་ཡང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་གནས་ཚུལ་ཕུད། གར་སོང་ཆ་མེད་དུ་གྱུར་པའི་དུས་ཡུན་ཟླ་དྲུག་ལས་བརྒལ་བ་ཡིན་ན། ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ནས་དེ་མིང་ཁོངས་ནས་འབུད་དགོས།

དོན་ཚན་སོ་བརྒྱད་པ། སྒྲིག་འགལ་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་རྒྱུའི་ཐག་གཅོད་མ་བྱས་གོང་ཤི་བ་དང་། ཡང་ན་ཤི་བའི་རྗེས་སུ་དེར་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཚབས་ཆེན་ཡོད་མྱོང་བ་ཤེས་རྟོགས་བྱུང་ཞིང་། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་རིགས། ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ། ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ་མན་གྱི་ཆད་པ་གཅོད་དགོས་རིགས་ལ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཡིག་ཐོག་གི་སྡོམ་ཚིག་དང་བབ་མཚུངས་ཀྱི་ཐག་གཅོད་བྱ་རྒྱུ།

དོན་ཚན་སོ་དགུ་པ། སྒྲིག་འགལ་བྱ་སྤྱོད་ཀྱི་འབྲེལ་ཡོད་འགན་འཁྲིའི་མི་སྣའི་དབྱེ་བ་ནི།

(གཅིག) ཐད་ཀའི་འགན་འཁྲི་ཡོད་མཁན་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་རང་ཉིད་ཀྱི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་ཏང་ཡོན་ནམ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལ་གོ་དགོས།

(གཉིས།) མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གཙོ་བོ་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་གཙོ་སྐྱོང་བྱེད་པའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་ཐད་ཀའི་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལ་གོ་དགོས།

(གསུམ།) མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གལ་ཆེན་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་དོ་དམ་བྱེད་དགོས་པའི་ལས་ཀའམ་ཐེ་ཞུགས་ཀྱིས་ཐག་གཅོད་དགོས་པའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་མགོ་ཁྲིད་ཀྱི་འགན་འཁྲི་ཕལ་བ་ཡོད་མཁན་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལ་གོ་དགོས།

སྲོལ་ཡིག་འདིའི་ནང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ཞེས་པའི་ཁོངས་སུ་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གཙོ་བོ་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གལ་ཆེན་ཚུད་ཡོད།

དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་རང་འགུལ་གྱིས་ངོས་ལེན་ཞུ་བ་ཞེས་པ་ནི་སྒྲིག་འགལ་གྱི་དོགས་གཞི་ཡོད་པའི་ཏང་ཡོན་གྱིས་རྩ་འཛུགས་ནས་ཁ་བརྡ་དང་ཡིག་ཐོག་འདྲི་རྩད། ཐོག་མའི་དཔྱད་ཞིབ་བཅས་མ་བྱས་གོང་འབྲེལ་ཡོད་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་ངོས་ལེན་ཞུ་བ་དང་། ཡང་ན་ཁ་བརྡ་དང་ཡིག་ཐོག་འདྲི་རྩད། ཐོག་མའི་དཔྱད་ཞིབ། གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བཅས་བྱེད་རིང་རྩ་འཛུགས་ཀྱིས་ཁོང་དུ་ཆུད་མེད་པའི་གནད་དོན་ངོས་ལེན་ཞུ་བར་ཟེར།

དོན་ཚན་ཞེ་གཅིག་པ། འགན་རིམ་དང་། གོ་གནས་ཁེར་རྐྱང་གི་རིམ་སྟར་རིམ་པའི་འགན་འཁུར་བའི་ཏང་ཡོན་ལས་བྱེད་པ་ཏང་གི་སྒྲིག་ཁྲིམས་དང་འགལ་ནས་ཆད་པ་ཕོག་པ་དང་། དེའི་འགན་རིམ་དང་གོ་གནས་ཁེར་རྐྱང་གི་རིམ་སྟར་རིམ་པར་ལེགས་སྒྲིག་བྱེད་དགོས་རིགས། སྲོལ་ཡིག་འདིའི་ཏང་ཕྱིའི་གོ་གནས་སྐོར་གྱི་གཏན་འབེབས་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ།

དོན་ཚན་ཞེ་གཉིས་པ། དཔལ་འབྱོར་གྱི་གྱོང་གུན་རྩིས་རྒྱག་སྐབས་གྱོད་དོན་ཐོ་འགོད་བྱེད་སྐབས་དོན་དངོས་ཐོག་བཟོས་པའི་རྒྱུ་ནོར་གྱི་གྱོང་གུན་ཚང་མ་རྩིས་རྒྱག་དགོས། དེའི་ནང་སྒྲིག་འགལ་བྱ་སྤྱོད་ཀྱིས་བཟོས་པའི་གྱོང་གུན་སེལ་ཆེད་གཏོང་སྤྲོད་བྱས་པའི་འགྲོ་སོང་དང་འགྲོ་གྲོན་སྣ་ཚོགས་ཚུད་ཡོད། གྱོད་དོན་ཐོ་འགོད་བྱས་རྗེས་ནས་ཐག་གཅོད་མ་བྱས་གོང་རྒྱུན་མཐུད་ངང་བྱུང་བའི་དཔལ་འབྱོར་གྱི་གྱོང་གུན་ནི་དེའི་ནང་མཉམ་དུ་བརྩི་དགོས།

དོན་ཚན་ཞེ་གསུམ་པ། སྒྲིག་འགལ་བྱ་སྤྱོད་ལས་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་ནི་རྩིས་ལེན་བྱེད་པའམ་ཡང་ན་དེར་ཕྱིར་སློག་སྐྱིན་ཚབ་སྤྲོད་འགན་དཀྲི་དགོས། རང་འགུལ་ངང་གོང་འབུལ་བྱས་པའི་སྒྲིག་འགལ་ཐོབ་ཆ་དང་དཔལ་འབྱོར་གྱོང་གུན་སྐྱིན་ཚབ་འཇལ་བ་དང་ལེན་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་རྩིས་ལེན་བྱེད་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཕྱིར་སློག་བྱེད་དགོས།

སྒྲིག་འགལ་བྱ་སྤྱོད་ལས་ཐོབ་པའི་གོ་གནས་དང་། གོ་རིམ། གོ་མིང་། བསླབ་རིམ། བསླབ་གནས། བྱ་དགའ། ཐོབ་ཐང་སོགས་ཀྱི་ཁེ་ཕན་གཞན་དག་ནི་གྱོད་དོན་སྒྲུབ་འགན་འཁུར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སམ་དེའི་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་འབྲེལ་ཡོད་རྩ་འཛུགས་དང་། སྡེ་ཁག སྡེ་ཚན་བཅས་ལ་གཏན་འབེབས་ལྟར་ཡོ་བསྲང་བྱ་རྒྱུའི་གྲོས་འགོ་འདོན་དགོས།

སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པ་དང་དོན་ཚན་སོ་བརྒྱད་པའི་གཏན་འབེབས་ལྟར་ཐག་གཅོད་བྱས་པའི་ཏང་ཡོན་ཡིན་ན། བརྟག་དཔྱད་བྱས་པ་བརྒྱུད་དེའི་དངོས་འབྲེལ་གྱི་སྒྲིག་འགལ་བྱ་སྤྱོད་སྤེལ་བ་ལས་ཐོབ་པའི་ཁེ་ཕན་རྣམས་དོན་ཚན་འདིའི་གཏན་འབེབས་གཞིར་བཟུང་ནས་ཐག་གཅོད་བྱ་རྒྱུ།

དོན་ཚན་ཞེ་བཞི་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རྗེས། ཟླ་བ་གཅིག་གི་ནང་ཚུན་དུ་ཆད་པ་ཕོག་མཁན་ཏང་ཡོན་གནས་སའི་ཏང་གི་གཞི་རིམ་རྩ་འཛུགས་ནང་གི་ཏང་ཡོན་ཡོངས་རྫོགས་དང་དེ་ཉིད་ལ་ཁྱབ་བསྒྲགས་བྱེད་དགོས་པ་དང་། འགོ་ཁྲིད་ཚན་པའི་ཁོངས་མི་ཡིན་ན་ད་དུང་གནས་སའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པར་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བར་གཞིགས་ནས་ཆད་གཅོད་ཆོད་དོན་གྱི་དཔྱད་ཡིག་དེ་ཆད་པ་ཕོག་མཁན་གྱི་ཡིག་ཚགས་ནང་དུ་འཇུག་དགོས། ཏང་ནང་གི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་ཕོག་རིགས་ལ་ད་དུང་ཟླ་བ་གཅིག་གི་ནང་ཚུན་དུ་གོ་གནས་དང་། གླ་ཕོགས། ལས་ཀ དེ་བཞིན་འབྲེལ་ཡོད་ཐོབ་ཐང་གཞན་དག་སོགས་བབ་མཚུངས་ཀྱི་འགྱུར་ལྡོག་གཏོང་རྒྱུའི་འགྲོ་ལུགས་སྒྲུབ་དགོས། ཏང་ཕྱིའི་གོ་གནས་ཕྱིར་འཐེན་བྱེད་པའམ་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ་བ་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དུས་ཐོག་ཏུ་དེའི་ཏང་ཕྱིའི་གོ་གནས་ཕྱིར་འཐེན་བྱེད་པའམ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་འདོན་དགོས། དམིགས་བསལ་གྱི་གནས་ཚུལ་འོག ཆད་གཅོད་ཀྱི་ཆོད་དོན་བཞག་པའམ་ཆོག་མཆན་འགོད་མཁན་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ན། འགྲོ་ལུགས་སྒྲུབ་ཡུན་འོས་འཚམ་གྱིས་རིང་དུ་བཏང་ཆོག འགྲོ་ལུགས་སྒྲུབ་ཡུན་རིང་ཤོས་ཟླ་བ་དྲུག་ལས་བརྒལ་མི་ཆོག

དོན་ཚན་ཞེ་ལྔ་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཆོད་དོན་ལག་བསྟར་བྱེད་མཁན་ལས་ཁུངས་སམ་ཆད་པ་ཕོག་མཁན་ཏང་ཡོན་གནས་སའི་སྡེ་ཚན་གྱིས་ཟླ་དྲུག་གི་ནང་ཚུན་དུ་ཆད་གཅོད་ཆོད་དོན་ལག་བསྟར་བྱས་ཚུལ་ཆད་གཅོད་ཆོད་དོན་འཇོག་མཁན་ནམ་ཆོག་མཆན་འགོད་མཁན་ལས་ཁུངས་ལ་སྙན་སེང་ཞུ་དགོས།

ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་བློར་མ་བབས་ན། ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རྒྱུ་མཚན་ཞུ་འབུལ་བྱེད་ཆོག

དོན་ཚན་ཞེ་དྲུག་པ། ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་དབང་གིས་ཆད་པ་ཕོག་པ་དང་། ཤུགས་རྐྱེན་ཐེབས་ཡུན་ཐིམ་རྗེས། ཏང་རྩ་འཛུགས་ཀྱིས་དེའི་ཆད་པ་མེད་པར་བཟོ་མི་དགོས།

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཡན་དང་མན་ཞེས་པ་ནི་དམིགས་བསལ་ཐོག་གསལ་འགོད་བྱས་པ་ཕུད་དེ་བྱིངས་ཚང་མར་རིམ་པ་དེ་ག་དང་དངོས་བསྟན་གྲངས་ཀ་དེ་ཉིད་ཚུད་ཡོད།

དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདིའི་སྤྱིའི་དོན་ཚན་ནི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་གཏན་འབེབས་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་གཞན་དག་ལ་སྤྱད་འཐུས།  འོན་ཀྱང་ཀྲུང་གུང་ཀྲུང་དབྱང་ནས་ཁྱབ་བསྒྲགས་བྱས་པའམ་ཡང་ན་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་བཀོད་པའི་ཏང་ནང་གི་ཁྲིམས་སྲོལ་གཞན་དག་ནང་དམིགས་བསལ་གཏན་འབེབས་ཡོད་པ་ཕུད།


མཉམ་སྤྱོད།