དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ལྕི་མོའི་འགན་བཅོལ་དམངས་ཕན་སྲིད་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

2024-05-09 15:46:03   |   127

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང།


“ངའི་སྙིང་གི་ལྡིང་ཚད་གློ་བུར་ཇེ་མགྱོགས་སུ་སོང་ནས་དབུགས་ལེན་མཚམས་བཞག་པས། སྨན་ཁང་དུ་སྨན་བཅོས་བྱེད་པར་སྒོར་ཁྲི60.91བཀོལ་ལ། ནད་ལྕི་མོའི་འགན་བཅོལ་ལས་སྒོར་ཁྲི37.33འགྲོ་སོང་རྩིས་ཞུ་བྱས་པས། འགྲོ་སོང་རྩིས་ཞུའི་དངུལ་གྲངས་ཀྱི65.29%ཟིན་ཡོད།”  ཉེ་སྔོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སྐྱེས་མ་དབང་ལགས་ཀྱིས་སེམས་འགུལ་ཐེབས་ཞོར་བཤད་རྒྱུར། “ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་ལ་ཐུགས་རྗེ་ཆེ་ཞུ། འགྲོ་སོང་རྩིས་ཞུ་བྱས་པ་དེས་ངའི་སྨན་བཅོས་ཀྱི་འགྲོ་གྲོན་མང་ཆེ་བ་ཐག་བཅད་པས། ངས་སེམས་བདེ་མོའི་ངང་སྨན་པར་སྟོན་ཐུབ་པ་དང་ནད་གཞི་གསོ་བཅོས་བྱེད་ཐུབ་སོང་།”

གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ལྕི་མོའི་འགན་བཅོལ་ནི་གཞི་རྩའི་སྨན་བཅོས་འགན་སྲུང་གི་རྨང་གཞིའི་སྟེང་། ནད་ལྕི་མོ་ཕོག་པའི་ནད་པར་སྨན་བཅོས་ཀྱི་འགྲོ་གྲོན་མཐོན་པོ་བྱུང་བ་ལ་སྔར་ལས་འགན་སྲུང་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་ལ། རང་ཞིང་གིས་སྣེ་ཁྲིད་སྒོས་རྒྱལ་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་གཅིག་གྱུར་དང་། ཐེབས་རྩ་གཅིག་གྱུར་གྱིས་བསྡུ་བ་དང་གཅིག་གྱུར་གྱིས་གཏོང་བ། སྡོད་དམངས་ཡོངས་ལ་ཁྱབ་པའི་ནད་ལྕི་མོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་པ་བཅས་ཀྱི་མགོ་བརྩམས།

ལོ་འདི་འགའི་རིང་། མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ནད་ལྕི་མོའི་འགན་བཅོལ་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་ཇུས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ནད་ལྕི་མོའི་འགན་བཅོལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མ་དངུལ་བསྡུ་བའི་ཚད་གཞི་དེ་ལམ་ལུགས་ལག་བསྟར་བྱེད་མགོ་བཙུགས་མ་ཐག་པའི་ལོ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར50ནས་སྒོར95བར་མཐོ་རུ་བཏང་བ། དགོས་མཁོ་ཡོད་པའི་མ་དངུལ་དེ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ནང་སྤོ་སྒྱུར་བྱེད་པ། མང་ཚོགས་ཀྱི་དངུལ་སྤྲོད་ཁུར་བོ་ཇེ་མང་དུ་མི་གཏོང་བ་བཅས་བྱས་པས། ཐེབས་རྩའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར4.2ལ་སླེབས་ཡོད། ནད་ལྕི་མོའི་འགན་བཅོལ་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་མཐོ་རུ་གཏོང་བ་དང་། ཐོག་མའི་དངུལ་སྤྲོད་ཚད་གཞི་དེ་ལམ་ལུགས་མགོ་ཚུགས་པའི་ཐོག་མའི་ཐེངས་གཅིག་ལ་སྒོར5000ནས་ལོ་འཁོར་མོར་རིམ་རྩིས་ཀྱིས་སྒོར་ཁྲི1.2བར་ལེགས་སྒྲིག་བྱས་ཤིང་། མང་ཚོགས་མི་སྒེར་གྱིས་འཁུར་དགོས་པའི་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་གྱི་འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད་ཀྱིས80%ཟིན་པ། འགྲོ་སོང་རྩིས་ཞུ་བྱེད་པའི་ཚད་གཞི་མཐོ་ཤོས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ནད་སྟོན་པ་དང་སྨན་བཅོས་བྱེད་པའི་ཁུར་པོ་ཇེ་ཡང་དུ་བཏང་ཡོད།

དུས་མཚུངས་སུ་ནད་ལྕི་མོའི་འགན་བཅོལ་གྱི་ཀུན་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པའི་རྨང་གཞིའི་སྟེང་། དཀའ་ཁག་ཤིན་ཏུ་ཆེ་བའི་མི་སྣ་དང་། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ། ཕྱིར་དབུལ་ཕོངས་སུ་གྱུར་པའི་མི་སྣ་སོགས་དཀའ་ཁག་ཆེ་བའི་མང་ཚོགས་ལ་ནད་ལྕི་མོའི་འགན་བཅོལ་གྱི་ཐོག་མའི་དངུལ་སྤྲོད་པའི་ཚད་གཞི50%ཡིས་ཇེ་དམར་བཏང་བ་དང་། འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད5%ཡིས་ཇེ་མཐོར་བཏང་བ། འགྲོ་སོང་རྩིས་ཞུ་བྱེད་པའི་ཚད་གཞི་གཏན་འཁེལ་མེད་པ་བཅས་ཀྱི་གཟིགས་སྐྱོང་འགན་སྲུང་སྲིད་ཇུས་ལག་བསྟར་བྱས་པས། ནད་ལྕི་མོའི་འགན་བཅོལ་གྱིས་མང་ཚོགས་ལ་ནད་ལྕི་མོ་ཕོག་སྐབས་འགན་འཁུར་ཇེ་ཡང་དུ་གཏོང་ཐུབ་པའི་ནུས་པ་ཆེན་པོ་བཏོན་ཡོད།


མཉམ་སྤྱོད།