དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གེ་སེར་རི་མོའི་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་ཁྲེང་ཏུའུ་ནས་འཚོགས་པ།

2024-06-04 15:02:51   |   601

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ་བ་དྲུག་པའི་ཚེས་བཞི་ཉིན། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་མཛུབ་སྟོན་འོག  ཀྲུང་གུང་གསེར་རྟ་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། གསེར་རྟ་རྫོང་རིག་གནས་རྒྱང་སྒྲོག་དང་གནས་སྐོར་ཅུ་དང་། གསེར་རྟ་རྫོང་རྒྱལ་དབང་དངུལ་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་མཛད་པའི་གསེར་རྟ་རྫོང་གེ་སར་རི་མོའི་ཐོག་མའི་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་སོགས་ཡུལ་དུས་གལ་ཆེན་དུ་གླིང་སྒྲུང་ཚུད་པའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཐེངས་མང་གླེང་བ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱ་དགོས་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭའི་ཤེས་རིག་སྲུང་སྐྱོང་བྱེད་པ་ཡིན་ཞེས་མཛུབ་སྟོན་གལ་ཆེན་གནང་བ་དེའི་ཐོག་ནས། ཏང་དང་རྒྱལ་ཁབ་ཀྱིས་གླིང་སྒྲུང་གིས་མཚོན་པའི་མི་རིགས་རིག་གནས་བྱ་གཞག་ལ་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་མཚོན་པ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱེད་པར་ཁ་ཕྱོགས་བསྟན་ཡོད།

8.jpg

ཐེངས་འདིའི་བྱེད་སྒོའི་ཐོག རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་མགོ་འཛིན་ནོར་བུ་དབང་ལྡན་དང་། མགོ་ཁྲིད་གཞོན་པ། ཞིབ་འཇུག་པ་གཞོན་པ་འཇམ་དབྱངས་ཆོས་སྒྲོན། དེ་མིན་གེ་སར་རིག་གནས་ཀྱི་ཆེད་མཁས་པ་མང་པོ་ཕེབས་ཡོད་ལ། བྱེད་སྒོའི་ཐོག་གེ་སར་ཚད་དཔེ་རི་མོ་འགྲེམ་སྟོན་དང་གྲུབ་འབྲས་གཞན་སྒྱུར་གྱི་མགོ་ཚུགས་མཛད་སྒོ་སྤེལ་བ་དང་། མཛད་སྒོའི་ཐོག གེ་སར་ཚད་དཔེ་རི་མོའི་ལྷ་རིས་ལས་གཞིའི་མཆན་བཀོད་ལྷ་རིས་པ་ལེགས་སྨོན་དང་མཁས་གྲུབ་ཉི་མ། མཆོག་བཀྲ་སོགས་ལ་གདན་ཞུའི་དཔང་ཡིག་གནང་བ་དང་། གེ་སར་ཚད་དཔེ་རི་མོའི་རིག་གནས་ཐོན་རྫས་གསར་གཏོད་ལས་གཞིའི་ཆེད་བསྐོས་རིག་གཞུང་བློ་འདྲི་ས་དག་ལ་གདན་ཞུའི་དཔང་ཡིག་གནང་།

9.jpg

མིག་སྔར་གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་ལ་དམངས་ཁྲོད་རྩ་འཛུགས་དང་སྡེ་ཁུལ་བཅོ་ལྔ་དང་། ཞིབ་འཇུག་སྒྲིག་གཞི་ཉི་ཤུ་ཡོད་ལ། ད་ལྟའི་བར་གེ་སར་འཁྲབ་ལེན་གྱི་རྒྱུ་ཆ་ཆུ་ཚོད་དྲུག་སྟོང་གི་དཔྱད་གཞི་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཡོད་པ་དང་།  ད་ལྟ་ཡོད་པ་དང་པར་སྐྲུན་བྱས་པའི་གླིང་སྒྲུང་བམ་པོ་སུམ་བརྒྱ་དང་། ཡིག་འབྲུ་བྱེ་བ་གཉིས་ལྷག་ཡོད་ལ། ནང་དོན་སྔར་བཞིན་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། 2009ལོར་གེ་སར་ལོ་རྒྱུས་སྙན་རྩོམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་བདམས་ཐོན་བྱུང་བ་རེད།

10.jpg

 དུས་ད་ལྟ་གེ་སར་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་ཕྱིན་པ་དང་བསྟུན་ནས། རྣམ་པ་མི་འདྲ་བའི་གེ་སར་བརྗོད་བྱ་བྱས་པའི་བརྩམས་ཆོས་མང་པོ་ཐོན་ཡོད་ལ། ཡོངས་ཁྱབ་ཏུ་བརྩམས་ཆོས་དེ་དག་ནང་ཞིབ་འཇུག་གི་ཆ་ཉུང་བ་དང་སྤུས་ཚད་མི་འདང་བ། གནད་འཁེལ་མིན་པའི་གནད་དོན་མང་པོ་གནས་ཡོད་པར་མ་ཟད། ཐ་ན་གེ་སར་རྒྱལ་པོའི་གཟུགས་བརྙན་ལ་ཡང་ཁྱད་པར་ཆེན་པོ་འདུག ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ད་ཆ་གེ་སར་གྱི་བརྙན་རིས་ཐད་ནས་རྙོག་དྲ་ཆེ་བ་དང་གླིང་སྒྲུང་ནང་གི་མི་སྣ་མང་ཆེ་བའི་གཟུགས་བརྙན་གཏན་འཁེལ་བྱས་མེད་པས་ཡོངས་ཁྱབ་སུ་ཁས་ལེན་པའི་ཞིབ་འཇུག་གྲུབ་འབྲས་ཤིག་མཐོང་རྒྱུ་མེད། དེ་བས་གསེར་རྟ་རྫོང་གིས་འགན་འཁྲི་ཐོད་ལ་བླངས་ནས། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་མཛུབ་སྟོན་འོག ཀྲུང་གུང་གསེར་རྟ་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཏེ། ལོ་ངོ་ལྔའི་རིང་། གེ་སར་ཚད་དཔེ་རི་མོའི་སྐོར་གྱི་དཔྱད་གླེང་ཚོགས་འདུ་རབ་དང་རིམ་པ་འཚོགས་ཏེ། གཞི་ནས་སྐོར་དང་པོའི་གེ་སར་ཚད་དཔེ་རི་མོ་གྲུབ་པ་དང་། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

11.jpg

གེ་སར་ཚད་དཔེ་རི་མོའི་ལས་དོན་ནི་སྔར་བྱུང་མྱོང་མེད་པའི་རྒྱལ་ཁབ་ཀྱི་དཔེ་མཚོན་རྣམ་པའི་གེ་སར་གྱི་པར་རིས་སྒྱུ་རྩལ་ལས་གཞི་ཞིག་ཡིན་ཞིང་། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་གེ་སར་རིག་གནས་དང་དེ་བཞིན་རིག་གཞུང་ཁྱབ་ཁོངས་སུ་སྔོན་ཐོན་གྱི་བསམ་བློ་ལྡན་པ་དང་། གསར་གཏོད་རང་བཞིན་དང་ཉག་ཅིག་རང་བཞིན། དབང་གྲགས་རང་བཞིན་བཅས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པོ་ཡོད་པས། ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་། ཁྱབ་སྤེལ་གྱི་རིན་ཐང་། དཔལ་འབྱོར་གྱི་རིན་ཐང་ལྡན། ཕྱོགས་གཞན་ཞིག་ནས་གེ་སར་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་པ་དང་སྙན་གྲགས་ཇེ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་དར་སྤེལ་བཏང་ནས། མི་རིགས་ཀྱི་སྤོབས་སེམས་བསྐྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་གཅིག་འགྲིལ་ལ་ཕན་པ་ཆེ་ལ། རྒྱལ་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་དང་སྙིང་སྟོབས་ཆགས་པར་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན།

12.jpg

བཞུགས་མོལ་ཚོགས་འདུའི་ཐོག གེ་སར་ཚད་དཔེ་རི་མོའི་རིག་གནས་གསར་གཏོད་བཟོ་བཀོད་པ་ཚེ་པོ་ལགས་ཀྱིས་ལས་གཞིའི་སྤྱིའི་གནས་ཚུལ་མཚམས་སྦྱོར་གནང་ཞིང་། ལས་གཞིའི་མཆན་བཀོད་ལྷ་རིས་པ་ལེགས་སྨོན་གྱིས་ལྷ་རིས་པའི་ཚབ་ཞུས་ནས་གཏམ་བཤད་གནང་ཞིང་། བྱེད་སྒོར་ཞུགས་པའི་ཆེད་མཁས་པ་རྣམས་ཀྱིས་གེ་སར་ཚད་དཔེ་རི་མོའི་སྐོར་ལ་ལེགས་ཐོག་ལེགས་རྩེག་དང་ཤ་ཐོག་མར་རྩེག་ཡོང་བའི་དགོངས་འཆར་བཟང་པོ་བཏོན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་རྗེས་ཀྱི་ཉིན་གཉིས་ནང་། གེ་སར་ཚད་དཔེ་རི་མོའི་རིག་གནས་ཐོན་རྫས་གསར་གཏོད་སོགས་ཀྱི་སྐོར་ནས་བགྲོ་གླེང་བྱ་རྒྱུ་རེད།

ཚད་དཔེ་རི་མོའི་རིག་གནས་ཐོན་རྫས་གསར་གཏོད་གསར་སྤེལ་དང་ཐོན་ལས་སྦྲེལ་ཐག་སྐྱེད་སྲིང་བྱ་རྒྱུ་ནི་རིག་གནས་ལ་བརྟེན་ནས་གནས་སྐོར་འཕེལ་རྒྱས་གཏོང་བ་དང་། གནས་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་གསར་གཏོད་ཀྱི་ལམ་བུ་ཞིག་ཡིན་ལ། རང་འགུལ་ངང་གླིང་སྒྲུང་ཚད་དཔེ་རི་མོའི་འབྲེལ་ཡོད་ལས་དོན་ཡག་པོ་བཟོས་པ་དང་ཆབས་ཅིག་གེ་སར་ཚད་དཔེ་རི་མོའི་གྲུབ་འབྲས་གཞན་སྒྱུར་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱ་རྒྱུ་ཡིན་པ་རེད། མ་འོངས་པར་གསེར་རྟ་རྫོང་གིས་ཚད་དཔེ་རི་མོའི་རྨང་གཞིའི་ཐོག་ནས་ཐོན་རྫས་ཀྱི་རྣམ་པ་བརྒྱུད་དེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དཔའ་བོའི་མི་སྣའི་ཉམས་འགྱུར་མངོན་ཐུབ་པ་དང་། རིག་གནས་གསར་གཏོད་ཐོན་རྫས་ལ་བརྟེན་ནས་མི་རྣམས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་དང་། གསེར་རྟའི་གནས་སྐོར་ལས་དོན་སོགས་སྔར་བས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱ་རྒྱུ་རེད།


མཉམ་སྤྱོད།