དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མདོ་ལའི་བོད་ལུག”གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2024-06-12 11:09:00   |   689

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཕྱུགས་ལས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་དམ་པོར་བརྟེན་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་སྐྱོད་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་དགེ་མཚན་ལྡན་པའི་གོ་སྐབས་དམ་འཛིན་བྱས་ཤིང་། སྤུས་རྟགས་གཏོད་པ་དང་། སྤུས་ཚད་མཐོར་འདེགས། ལས་སྣོན་གཉེར་ཚོང་སོགས་ཀྱི་ཐད་ནས་གནད་སྨིན་ཤུགས་འདོན་བྱས་པས། བོད་ལུག་ཐོན་ལས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཞིང་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

སྤུས་རྟགས་གསར་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ“མདོ་ལའི་བོད་ལུག”ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ། “ས་ཁོངས་སྤྱི་སྤྱོད་སྤུས་རྟགས+ས་གནས་ཁྱད་ལྡན་སྤུས་རྟགས”ཀྱི་ཕྱོགས་གཉིས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། “མདོ་ལའི་བོད་ལུག”སྤུས་རྟགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་སྒྲིག་འཛུགས་བྱས་ཤིང་། ཞིང་ཆེན་དང་པུ་ཡིས་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དྲིལ་སྒྲོག་འོས་སྦྱོར་གནང་བ་སོགས་བྱེད་སྒོ་ཐེངས12སྤེལ། “མདོ་ལའི་འབྲི་ཞོ་དང་། ལྷ་ཁམས་མདོ་ལའི་ལུག་ཤ”རྒྱལ་ཡོངས་ཀྱི་གྲོང་གསེབ་ཁྱད་ལྡན་ཐོན་རྫས་དཀར་ཆག་ཁྲོད་ཚུད་ཅིང་། “ལྷ་ཁམས་མདོ་ལའི”ལུག་ཤ་དུམ་བུའི་ཐོན་རྫས་ལ2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པའི་གསེར་གྱི་བྱ་དགའ་ཐོབ། གསེར་མདོག་མདོ་ལའི་འོ་ལས་དང་། དབྱི་ཏཱ་ཕྱུགས་རིགས་ཤ་ཐོན་བཟའ་བཅའ་ཀུང་སི། མའེ་ལོང་ཀྲང་ཆེད་ལས་མཉམ་ལས་ཁང་བཅས“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དབང་སྤྲོད་སྡེ་ཚན་ཁག་དང་པོར་གྱུར། ལོ་འདིར“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ཕྱུགས་ཐོན་རྫས་གསར་བ8ཐོ་འགོད་བྱས་ལ། སྤུས་ལེགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་གཞི་ཁྱོན་གྱིས15%ཡན་ཟིན། རིག་ལྡན་ཞིང་ལས་ཀྱི“བྱ་སྤྱོད་ཆེན་པོ་བཞི”ཁྱབ་གདལ་བེད་སྤྱོད་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཕྱུགས་རྒྱུད་གསོ་སྤེལ་ཆ་འཕྲིན་ཅན་གྱི་ལས་སྟེགས་བཙུགས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་དྲ་ལམ་ཚོང་དོན་ཟོག་འགྲེམས་དང་སྤྱི་མཛོད་སྡེབ་སྤྲོད་མ་ལག་བསྐྲུན་ནས་རོང་འབྲོག་ཁུལ་གྱི་ཟོག་འགྲེམ་ཞབས་ཞུའི་དྲ་རྒྱ་ཁྱོན་ཡོངས་སུ་ཁྱབ་པར་བྱས་ཡོད། “མདོ་ལའི་དྲ་ཚོང”གི་འདར་དབྱངས་ཨང་གྲངས་བཙུགས་པ་དང་། “བཟོ་ལས་ཐོན་རྫས་གཤམ་སྐྱོད”ཀྱི་སྐད་འཕྲིན་བྱ་རིམ་ཆུང་ངུ་བཏོད་དེ་སྣེ་འདྲེན་ཁེ་ལས་གཉིས་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས10དང་རྫོང་ཁོངས་ཀྱི་འདར་དབྱངས་གཙོ་སྐྱོང་བའི་དབར་ཐོན་སྐྱེད་ཕྱིར་ཚོང་གི་གྲོས་མཐུན་འཇོག་པར་ཁྲིད་སྟོན་བྱས།

 སྤུས་ཚད་མཐོར་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ“མདོ་ལའི་བོད་ལུག”ཐོན་ལས་ཀྱི་སྤུས་ལེགས་ཐབས་ལམ་བཏོད་པ། རིམས་ནད་འགོག་སྡོམ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འགོག་སྡོམ་གྱི་འགན་འཁྲི་ནན་ཏན་སྒོས2024ལོར་ཁ་རྨིག་ནད་ཀྱི་རིམས་འགོག་གྲངས་ཚད་ཁྲི121.77དང་། སྐྱུག་ལྡད་ཕྱུགས་རིགས་ཆུང་གྲས་ཀྱི་རིམས་འགོག་ནུས་པ་ཁྲི10.92དང་། ཐུམ་འབུའི་ནད་ཀྱི་རིམས་འགོག་ནུས་པ་ཁྲི12.12བཅས་ལེགས་འགྲུབ་བྱུང་ཡོད། ཞིབ་བཤེར་བྱ་ཡུལ་གྱི་ནད་ཡམས་ཞིབ་བཤེར་བྱེད་ཚད་ཁྲི1.05ཟིན་པ་དང་། སྲོག་ཆགས་ཞིབ་བཤེར་རྩིས་ལེན་བྱེད་ཚད100%ཟིན་ཡོད། ནོར་ལུག་བཤས་གཏོང་གི་ནད་ཡམས་ཞིབ་བཤེར་ཁྲི0.33བྱས་པ་དང་། མཛོད་འཇུག་ཕྱུགས་རིགས་ལ་དགོས་ངེས་ཀྱི་ཞིབ་བཤེར་བྱས་ནས་བཤས་གཏོང་གི་ནད་ཡམས་ཞིབ་བཤེར་བྱེད་ཚད་དང་། དཔང་ཡིག་སྤྲོད་ཚད། གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་བཅས་ཚང་མ100%ཟིན་ཡོད། མདོ་ལའི་བོད་ལུག་ཐོག་མའི་ཐོན་ཡུལ་གྱི་ཁུངས་སྙེག་བཟོ་སྐྲུན་འཛུགས་སྐྲུན་ལག་བསྟར་བྱས་ནས་ཡུལ་གྲོང7གྱི་སྲིད་འཛིན་གྲོང་ཚོའི་ཁུངས་འདེད་མ་ལག་ལས་སྟེགས་དང་། ཁུངས་འདེད་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱས། བོད་ལུག་ཁྲི35ཡི་ཁུངས་སྙེག་ཆ་འཕྲིན་འཚོལ་སྡུད་གོང་སྤྲོད་དང་རྣ་རྟགས་འདོགས་པའི་ལས་དོན་ལེགས་པར་གྲུབ་ལ། ཆ་འཕྲིན་འཚོལ་སྡུད་ཕབ་འཇུག་ལེགས་འགྲུབ་བྱེད་ཚད་དང་ཡར་སྤྲོད་ཚད99%ཡན་ཟིན་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་དཔེ་སྟོན་རྫོང་གསར་སྐྲུན་དང་། ཞིང་ཕྱུགས་ཐོན་རྫས་ཚོད་ལྟའི་ཆ་རྐྱེན“ཁས་ལེན་གཉིས”ཀྱི་མ་ལག་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་སྟེ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་དྲ་མིག་དོ་དམ་མ་ལག་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་བས། ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི“འཕྲེད་ཕྱོགས་མཐར་སྙེག་པ་དང་གཞུང་ཕྱོགས་མཐའ་འཁྱོལ་བའི”རྣམ་པ་མངོན་འགྱུར་བྱས།

ལས་སྣོན་གཉེར་ཚོང་ལ་ཤུགས་སྣོན་བརྒྱབ་སྟེ“མདོ་ལའི་བོད་ལུག”ཐོན་ལས་ཀྱི་རིན་ཐང་འབྲེལ་ཐག་རྒྱ་ཇེ་ཆེར་བསྐྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་མདོ་ལའི་བོད་ལུག་དང་མདོ་ལའི་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་གླིང་ཁུལ་སྒུལ་ཤུགས་སུ་བྱེད་པ། མདོ་ལའི་བོད་ལུག་ཐོན་ལས་ཀྱི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཐོན་ལས་ལེགས་ཆའི་ཁུལ་གྱི་ཚོགས་སྤྱི་རྐང་འཛིན་ཐོན་ལས་སུ་བྱེད་པ་བཅས་འཕེལ་རྒྱས་མ་ལག་རིམ་པ་བཞིན་བསྐྲུན་ནས། “ཕྱོགས་བཅུ་གཞི་གཅིག”གི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ་ཐོན་ཚོང་སྦྲེལ་མཐུད་ཀྱི“ལས་དོན་ཆེན་པོ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། ལུག་ཤ་དང་ལུག་གི་རྒྱུས་པ། ལུག་གི་གྲོད་པུ་སོགས“འཕྲལ་ཟས་དང་གཡོས་ཟས། བསྲོས་ཟས”བཅས་དང་། དེ་བཞིན“མདོ་ལའི་ཤ་འཁྱག”སོགས་ཁྱད་གཤིས་ཅན་གྱི་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་པར་བརྟེན། བོད་ལུག་གི་ཤ་དང་བལ། དེའི་ཞོར་འབྱུང་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་དང་གཞི་ཁྱོན་ལྡན་པའི་ལས་སྣོན་བྱས་ཏེ། ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད། 2023ལོའི་ལོ་མཇུག་ཏུ། བོད་ལུག་གི་ཤའི་ཐོན་ཚད་ཏུན་ཁྲི0.58ཟིན་ཞིང་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཚད་ཏུན་ཁྲི0.04ཟིན་པ་དེས་སྤྱིའི་ཐོན་འབོར་གྱི6.9%ཟིན་ཡོད། ཐོན་རྫས་གཉེར་ཚོང་གི་ཐབས་ལམ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས“དྲ་ལམ་དང་དྲ་ཕྱིའི”ཐབས་ལམ་ཟུང་གི་གཉེར་ཚོང་མཐའ་འཁྱོངས་བྱས། དེ་དང་ཆབས་ཅིག རིམ་པ་དང་པོ་དང་གཉིས་པའི་གྲོང་ཁྱེར་དུ“ཉོ་སྒྲུབ་དང་ཉམས་ལེན་ཟུང་དུ་འབྲེལ་བའི”ཕྱུགས་ལས་ཐོན་རྫས་ཕྱིར་ཚོང་ཐད་ཚོང་ཁང་བཙུགས་ཤིང་། ཡུལ་གཞན་དུ་ཕྱིར་ཚོང་བྱེད་ཆེད་འགྲེམ་སྟོན་དྲ་མིག་བཏོད་དེ་ཞིང་ཕྱུགས་ཐོན་རྫས་དང་སྒོས་སུ་བོད་ལུག་གི་ཐོན་རྫས་སྤུས་ཀ་ལེགས་ཀྱང་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད།


མཉམ་སྤྱོད།