དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“བྱེད་ཐབས་གསུམ”ལ་བརྟེན་ནས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་དང་བདག་སྐྱོང་ལ་སྐུལ་འདེད་བཏང་བ།

2024-06-17 14:47:46   |   1141

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།    མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བཟང་བཞིའི་གྲོང་གསེབ་ལམ”སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ“འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”ཡི་གྲོང་གསེབ་གཞུང་ལམ་ནི་གྲོང་གསེབ་དར་སྤེལ་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཀྱི་འཇུ་བྱེད་གལ་ཆེན་དུ་བཟུང་ནས། ཐབས་མང་མཉམ་སྒྲིལ་དང་གནས་མང་ཤུགས་འདོན་རྒྱུན་འཁྱོངས་སྒོས་ཚད་གཞི་སྔར་བས་མཐོན་པོ་དང་བླང་བྱ་སྔར་བས་དམ་པོ། སྒྲུབ་ཕྱོགས་སྔར་བས་དངོས་ཡོད་ཀྱིས་གྲོང་གསེབ་གཞུང་ལམ་གྱི་དོ་དམ་ནུས་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྟབས་བདེའི་ཕྱིར་བསྐྱོད་ལ་འགན་ལེན་བྱས།

བཀོད་སྒྲིག་ཞིབ་ཚགས་བྱས་ནས་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཤིང་། 《མཚོ་བྱང་ཁུལ་གྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》ཡི་བླང་བྱ་གཞིར་བཟུང་། གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་གི་འགན་འཁྲི་གཙོ་བོ་སྔར་བས་ཇེ་བརྟན་དུ་བཏང་ནས་རྫོང་དང་ཡུལ་གྲོང་རིམ་པ་གཉིས་ཀྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་ལས་དོན་སྒྲིག་གཞི་དང་མི་སྣ། འགྲོ་གྲོན། འགན་འཁྲི་བཅས་དོན་འཁྱོལ་ཏན་ཏིག་བྱས་ཏེ་དོ་དམ་བདག་སྐྱོང་བྱ་བ་ལུགས་མཐུན་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུའི་འགན་ལེན་ཏན་ཏིག་བྱས།  “ལམ་དཔོན་ལམ་ལུགས”ཀྱི་བྱ་བ་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  ལམ་དཔོན་སྐོར་ཞིབ་སྐོར་སྲུང་ལ་ཤུགས་སྣོན་པ། གསོ་སྦྱོང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  “ཤར་བགྲོད་དང་བདེ་འཇགས། བདེ་སྐྱིད། མཛེས་སྡུག”བཅས་ཀྱི་ལམ་བུའི་ཁོར་ཡུག་ཧུར་ཐག་གིས་བཏོད།

གནད་སྨིན་ནུས་ཆེའི་ལྟ་སྐུལ་དོ་དམ་བྱས་ནས་མ་དངུལ་འགན་ལེན་གནད་ལ་འཁེལ་བར་སྐུལ་འདེད་བཏང་།  《མཚོ་བྱང་ཁུལ་གྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་། དོ་དམ་བདག་སྐྱོང་གི་མ་དངུལ་གྲབས་གསོག་དོན་འཁྱོལ་ལ་ཤུགས་བསྣན་ནས་སྤྱི་པའི་ནོར་སྲིད་ཀྱི་མ་འཇོག་གཙོ་བོར་བྱེད་པ་དང་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་པའི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་མ་དངུལ་གྲབས་གསོག་ལམ་སྲོལ་བཙུགས་ཏེ། བདག་སྐྱོང་མ་དངུལ་འདང་ངེས་དང་ལེ་ལག་ཚང་བའི་གྲོང་གསེབ་གཞུང་ལམ་གྱི་ཡུན་རིང་དོ་དམ་དང་བདག་སྐྱོང་ནུས་ལྡན་བྱས། བདག་སྐྱོང་མ་དངུལ་གྱི་སྤྱོད་སྒོ་དོ་དམ་དང་མ་དངུལ་བེད་སྤྱོད་ནན་མོ་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་གི་རྩིས་ཁྲ་བཟོས་པ་དང་། ཆེད་སྤྱོད་རྩིས་ཁྲའི་ཐོག་ནས་གསོག་ཉར་དང་ཆེད་དངུལ་ཆེད་སྤྱོད་བྱེད་པ། མ་དངུལ་གཏོང་སྤྲོད་དང་ལྟ་སྐུལ་བྱ་བའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་བ། ནོར་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས།

ཞིབ་ཚགས་ནུས་ལྡན་ངང་དོན་འཁྱོལ་བྱས་ནས་དོ་དམ་བདག་སྐྱོང་གནད་ལ་འཁེལ་བར་སྐུལ་འདེད་བཏང་། གཞུང་ལམ་གནས་ཚུལ་གྲལ་བཤེར་དང་དོན་རྐྱེན་བཅོས་སྒྲིག་སོགས་ཀྱི་རྒྱུན་གཏན་བདག་སྐྱོང་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས་ལམ་གཞི་རྡིབ་པ་དང་ལམ་ངོས་སུ་གཏོར་སྐྱོན་ཕོག་པ། གས་སྲུབས་སོགས་དུས་ཐོག་ཏུ་བཅོས་སྒྲིག་བྱས་ཏེ་མཚོན་རྟགས་ཀྱི་བྱང་བུ་དང་། འགོག་སྲུང་སྒྲོམ་སྟེགས། མཐོ་ཚད་ཚོད་འཛིན་སོགས་གཞུང་ལམ་གྱི་བདེ་འཇགས་སྒྲིག་བཀོད་ཆ་ཚང་གསབ་འཛུགས། ཉམས་གསོ། བརྗེ་བ་བཅས་བྱས་ནས་ཟམ་པ་དང་། ཕུག་ཟམ། ཆུ་གཤོང་སྒྲིག་ཆས་ཀྱི་བྱ་བ་ལེགས་པར་གྲུབ། བདེ་འཇགས་སྒྲིག་ཆས་ཁ་ཚང་བ་དང་ལམ་གཞིའི་ཁོར་ཡུག་གྲལ་དག་པའི་ཁག་ཐེག་བྱས། མིག་སྔའི་བར་རིམ་རྩིས་བྱས་ན། ཤར་གཏོང་འགན་ལེན་དང་སྐོར་ཞིབ་མི་སྣ་མི་ཐེངས100ལྷག་ཙམ་དང་འཕྲུལ་ཆས་སྒྲིག་བཀོད་ཐེངས47ལྷག་ཙམ་བཏང་ཞིང་། ལམ་ཕྲག་དང་ལམ་མཐའ་སྨི་གྲུ་བཞི་མ5700ཉམས་གསོ་བྱས། བརྡིབས་པ་དང་རྡོ་ལྷུང་བའི་ལམ་ངོས་སྨི་རྒྱ་དཔངས་གྲུ་བཞི་མ7400གཙང་སེལ་བྱས།


མཉམ་སྤྱོད།