དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོར་མཚོ་སྔོན་པོའི་མཚོ་ཁ་སྨི1.3མཐོ་རུ་ཕྱིན་པ།

2024-07-30 08:55:03   |   647

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུ་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུ་ཀྱིས་མཉམ་འབྲེལ་ཐོག《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2023)》ཁྱབ་བསྒྲགས་བྱས་པ་རེད། 《སྤྱི་བསྒྲགས》དེས་ས་ངོས་གནམ་གཤིས་དཔྱད་གཞི་དང་འབྱུང་ཁུངས་མང་བའི་སྲུང་སྐར་རྒྱང་ཚོར་གཞི་གྲངས་གཞི་ལ་གཞིགས་ཏེ། 2023ལོའི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གནམ་གཤིས་དང་ཆུའི་ཐོན་ཁུངས། གངས་འཁྱགས་ཐོན་ཁུངས། རྩྭ་སའི་སྔོ་ཁེབས་བཅས་དང་། དེ་བཞིན་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པའི་གནས་ཚུལ་ལ་དཔྱད་དཔོག་བྱས་ཡོད།

《སྤྱི་བསྒྲགས》ཀྱི་གཞི་གྲངས་ལས་མངོན་པར། 2023ལོའི་མཚོ་སྔོན་པོའི་ཆ་སྙོམས་ཆུ་གནས་སྨི3196.6ཟིན་པ་དེ་ཉེ་བའི་ལོ་བཅུའི་ཆ་སྙོམས་གྲངས་ཐང་ལས་སྨི1.3འཕར་ཡོད། ཉེ་བའི་ལོ་བཅུའི་ཆ་སྙོམས་གཞི་གྲངས་དང་བསྡུར་ན2023ལོར་མཚོ་སྔོན་པོའི་འབབ་རྒྱུད་དུ་ལོ་རེར་ཆ་སྙོམས་ཐོག་ཆར་ཆུ་འབབ་ཚད7.0%ཉུང་དུ་ཕྱིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད0.1℃གི་མཐོ་བ་ཡོད་ལ། ཉི་འོད་ཕོག་དུས5.4%ཡི་ཉུང་བ། ཆུ་ཁུངས་གསོ་ཉར་ཞབས་ཞུའི་ནུས་པའི་སྟོན་གྲངས184.8ཟིན་ནས25.5འཕར་ཡོད་པ་རེད། 2023ལོར་མཚོ་སྔོན་པོའི(མཚོ་ཆུང་ནོར་བུ་དང་མཚོ་རྣ་ལུང་ཚུད་པ)ཆུ་རྒྱས་པའི་དུས་ཚོད(ཟླ9པ)མཚོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4622.0ཟིན་པ་དེ་ཉེ་བའི་ལོ་བཅུའི་ཆ་སྙོམས་གྲངས་ཐང་ལས2.2%མང་དུ་ཕྱིན་ཡོད།

640.png

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུ་དང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུ་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་ཚུན། ལོ་གཉིས་བསྟུད་མར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད། ཆེད་མཁས་པས་གནམ་གཤིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་དེས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐྱེ་ཁམས་གནམ་གཤིས་ཐད་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་ཐུབ་ཡོད་ཅེས་གསུངས་པ་རེད། མ་འོངས་པར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ནས་ད་དུང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་དང་བཅས་པ་གཙོ་གནད་ཐོག་འཐུས་ཚང་དུ་བཏང་སྟེ“གནམ་ས”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་བཟོས་ཤིང་།  སྐྱེ་ཁམས་གནམ་གཤིས་རྒྱུ་རྐྱེན་གཙོ་བོར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ནུས་སྔར་བས་ཆེ་རུ་བཏང་ཐོག མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རོགས་འདེགས་བྱ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།