དེ་རིང་ནི2025ལོའི་ཟླ05པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བའི་འདུས་འདྲིལ་ནད་ཀྱི་རྒྱུན་ཤེས་འགའ།

2024-08-01 09:17:17   |   525

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


01 གློ་བའི་འདུས་འདྲིལ་ནད་ཅེས་པ་ཅི་འདྲ་ཞིག་ཡིན་ནམ། 

གློ་བའི་འདུས་འདྲིལ་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་དབུགས་ལམ་གྱི་དལ་གཤིས་འགོས་ནད་ཅིག་ཡིན་ལ། དེ་ནི་འདུས་འདྲིལ་དབྱུག་སྲིན་གློ་བའི་ནང་འཛུལ་བ་ལས་བྱུང་བ་ཡིན། གློ་བའི་འདུས་འདྲིལ་ནད་ནི་གཙོ་བོ་གློ་ལུ་བ་དང་སྣ་སྦྲིད་རྒྱག  སྐད་ཆེན་པོ་རྒྱག་པ་སོགས་ཀྱི་སྐབས་ཁ་ཆུ་སྣ་ཆུ་འཐོར་བ་ལས་མི་གཞན་ལ་འགོས་བ་ཡིན། གློ་བའི་འདུས་འདྲིལ་ནད་བྱུང་ཚེ་དུས་ལྟར་རྩ་བ་ནས་གསོ་བཅོས་མ་བྱས་ན། བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་བར་མ་ཟད། མི་གཞན་ལ་འགོས་ཡང་སྲིད། 

02 གློ་བའི་འདུས་འདྲིལ་ནད་ལ་ནད་རྟགས་གང་དག་ཡོད་དམ།  

གློ་བའི་འདུས་འདྲིལ་ནད་ཀྱི་ནད་རྟགས་གཙོ་བོ་ནི་བསྟུད་མར་གཟའ་འཁོར2ཀྱི་ཡན་ལ་གློ་ལུ་བ་དང་ལུད་པ་མང་བ། ལུད་པའི་ནང་དུ་ཁྲག་འདྲེས་པ་སོགས་ཡིན་ལ། དུས་མཚུངས་སུ་བྲང་ཁ་ན་བ་དང་གྲང་རྔུལ་ཐོན་པ།  ཕྱི་དྲོའི་དུས་སུ་ལུས་དྲོད་ཅུང་ཟད་རྒྱས་པ། ལུས་ཡོངས་ཐང་ཆད་པ། ཟས་ཀྱི་ཡི་ག་ཆད་པ་སོགས་ཀྱང་ཡོད།  

03 གློ་བའི་འདུས་འདྲིལ་ནད་ལ་བཅོས་ཐབས་ཡོད་དམ།

གལ་ཏེ་ཚད་ལྡན་གྱི་གསོ་བཅོས་རྒྱུན་འཁྱོངས་བྱས་ཚེ། གློ་བའི་འདུས་འདྲིལ་ནད་པ་མང་ཆེ་བ་དྲག་སྐྱེད་འབྱུང་ཐུབ། གསར་དུ་ཐོན་པའི་འགོས་ཁྱབ་རང་བཞིན་གྱི་གློ་བའི་འདུས་འདྲིལ་ནད་རྩ་བ་ནས་གསོ་བཅོས་བྱེད་པའི་དུས་ཚོད་ནི་སྤྱིར་བཏང་དུ་ཟླ6ནས8ཀྱི་རིང་ཡིན་ལ། བར་ནས་སྨན་བཏུང་རྒྱུ་བརྗེད་པའམ་ཆད་པ་སོགས་བྱེད་མི་རུང་། གལ་ཏེ་རང་འགུལ་ངང་སྨན་འཐུང་མཚམས་བཞག་པའམ་ཆད་མ་མཐུད་ཀྱིས་སྨན་འཐུངས་ཚེ་ནད་ཡང་བསྐྱར་འཕར་སླ་བར་མ་ཟད། སྨན་དྲེད་ཀྱང་འབྱུང་སླ་བ་ཡིན། སྨན་དྲེད་བྱུང་རྗེས་ཀྱི་གློ་བའི་འདུས་འདྲིལ་ནད་ཀྱི་གསོ་བཅོས་ལག་རྩལ་རྙོག་འཛིང་ཆེ་བར་མ་ཟད། གསོ་བཅོས་དུས་ཡུན་དེ་བས་རིང་ལ།(ཟླ18ནས24དགོས )གསོ་བཅོས་འགྲོ་གྲོན་ཡང་དེ་བས་ཆེ་བ་ཡོད། (སྨན་དྲེད་མ་ཡིན་པའི་གློ་བའི་འདུས་འདྲིལ་ནད་གསོ་བཅོས་བྱེད་པའི་འགྲོ་གྲོན་གྱི་ལྡབ100ཡས་མས་ཡིན)

04 གློ་བའི་འདུས་འདྲིལ་ནད་སྔོན་འགོག་བྱེད་ཐབས། 

གློ་བའི་འདུས་འདྲིལ་ནད་འགོས་མཆེད་བྱེད་པ་འགོག་པའི་ཐབས་ལམ་གཙོ་བོ་ནི་དུས་ཐོག་ཏུ་འགོས་ཁྱབ་རང་བཞིན་གྱི་གློ་བའི་འདུས་འདྲིལ་ནད་པར་བརྟག་དཔྱད་དང་གསོ་བཅོས་བྱེད་པ་དེ་ཡིན། གལ་ཏེ་ཉེ་འཁོར་དུ་བསྟུད་མར་གློ་ལུ་བ་དང་གཟའ་འཁོར་གཉིས་ཀྱི་ཡན་ལ་ལུ་སྐྱུག་བྱེད་མཁན་ཡོད་ཚེ། དེ་མ་ཐག་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་སྨན་པའི་བླང་བྱ་བཞིན་གསོ་བཅོས་ཚད་ལྡན་བྱེད་དུ་འཇུག་དགོས། གློ་བའི་འདུས་འདྲིལ་ནད་པར་འབྲེལ་འདྲིས་དམ་ཟབ་བྱས་པའི་མི་ལ་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱ་དགོས་པ་དང་། འདུས་འདྲིལ་དབྱུག་སྲིན་འགོས་པའི་མི་ཚོགས་ཀྱིས་སྨན་པའི་མཛུབ་སྟོན་འོག་སྨན་བསྟེན་ཏེ། འདུས་འདྲིལ་ནད་འབྱུང་བ་སྔོན་འགོག་བྱ་དགོས། གཞན་མི་ཚོགས་མང་སར་རླུང་རྒྱུ་ཚུལ་དང་ཁོར་ཡུག་གི་འཕྲོད་བསྟེན་བྱ་བ་ལེགས་པོར་སྒྲུབ་པ། ལུས་ཕུང་སྦྱོང་བརྡར་བྱས་ཏེ་གཟུགས་སྟོབས་ཇེ་ཆེར་གཏོང་བ། འཕྲོད་བསྟེན་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པ་བཅས་བྱ་དགོས། བྱིས་པ་གསར་སྐྱེས་ལ་ཁལ་ཇེ་འགོག་སྨན་བརྒྱག་དགོས་ཏེ། ཁལ་ཇེ་འགོག་སྨན་གྱིས་གཙོ་བོ་བྱིས་པའི་དུས་སྐབས་ཀྱི་འདུས་འདྲིལ་ཀླད་སྐྱིའི་གཉན་ཚད་དང་ཁྲེ་རྡོག་རྣམ་པའི་གློ་བའི་འདུས་འདྲིལ་ནད་ལ་སྔོན་འགོག་གི་ནུས་པ་ཅུང་ལེགས་པོ་ཐོན་ཐུབ། 


མཉམ་སྤྱོད།
Loading...