དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགེན་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ཀྱི་ཞལ་ཆེམས་ལྟར་དམངས་སྒོར་ཁྲི18རེབ་གོང་གྲོང་ཁྱེར་གྱི་སློབ་གསོའི་ཐེབས་རྩར་ཞལ་འདེབས་ཕུལ།

2022-12-27 10:46:55   |   294

རྩོམ་སྒྲིག  སངས་དོན།       དུས་ཚོད། 2022-12-27


图片1.jpg

ནག་ཀྱཱ་བ་ཤ་བོ་ཚེ་རིང་། 1973ལོར་མདོ་སྨད་རེབ་གོང་གི་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས།  1995ལོའི་ཟླ7པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ནས་སློབ་མཐར་ཕྱིན།  1998ལོའི་ཟླ7པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན་ཞིང་། 2012ལོའི་ཟླ1པར་ཕྱི་རྒྱལ་དུ་སློབ་འགྲིམ་དུ་ཕྱིན།  དབྱིན་ཇིའི་རཱེ་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་ལ་ཉམས་ཞིབ་མཛད།  ཁོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི《ཀྲུང་གོ་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་སྣ་ཚོགས་སྟེང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་མྱོང་།  2011ལོར་བོད་ཀྱི་ཤེས་རིག་གི་དཔྱད་འབྲས་སུ་ཕུལ་བའི《གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ》ཞེས་པ་ཡིག་འབྲུ་ཁྲི35ལྷག་བརྒལ་བ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་སོགས་སུ་སློབ་མ་མང་དུ་བསྐྱངས་ཤིང་། རེབ་གོང་གྲོང་ཁྱེར་སློབ་གསོ་ཅུའི་སློབ་དཔྱོད་ཁང་དུ་སློབ་གསོའི་བྱ་བཞག་ལ་ཤ་ཐང་དུ་འབད་འབུངས་གནང་པ་དང་མདོ་སྟོད་སྨད་གཙོས་ས་ཁུལ་གང་མང་དུ་སློབ་གསོའི་འཆད་ཁྲིད་དང་ཚོགས་འདུ་རབ་དང་རིམ་པར་གཏམ་བཤད་མང་དུ་སྤེལ་བ་སོགས་རྗེས་སུ་ཡི་རངས་བྱ་དགོས་པའི་དོན་ཆེན་མང་པོར་དཀའ་ངལ་གདོང་གིས་བསུས་དང་བསུ་བའི་མོད་ལ་རྐྱེན་ངན་བར་ཆད་ནད་ཀྱིས་ལོ་ཤས་བསྙུངས་ནས་མཐར2022ལོའི་ཟླ12པའི་ཚེས21ཉིན་སྐུའི་འཕེན་པ་རྫོགས།

     སྤྱིར་རེབ་གོང་གི་རོང་ཕྱོགས་ཕལ་ཆེ་བར་གསོན་དགེ་བཅའ་བའི་དཔེ་སྲོལ་ཡོད་པ་བཞིན་ཁོང་གི(ནག་ཀྱཱ་བ་ཤ་བོ་ཚེ་རིང་) ནང་མི་གཉེན་ཉེ་ཀུན་ཀྱིས་ཀྱང་གསོན་དགེ་ཞིག་བཅའ་བར་བྱས་ཀྱང་། རྒན་གཤེགས་པ་ཁོང་གིས་"ང་ལ་གསོན་དགེ་བཅའ་མི་དགོས། གསོན་དགེ་བཅའ་བའི་མ་དངུལ་འདི་རྣམས་རེབ་གོང་གྲོང་ཁྱེར་སྲིད་གཞུང་གིས་བཙུགས་པའི་སློབ་གསོའི་ཐེབས་རྩ་ཚོགས་པར་འབུལ་རོགས"གསུངས་པ་ལྟར། དགེ་ལྕམ་ཀླུ་མོ་ཚེ་རིང་དང་བུ་མོ་ཆེ་བ་སྒྲོལ་མ་ཚེ་རིང་། བུ་མོ་ཆུང་བ་ཤ་བོ་འབྲུག་མོ་གསུམ་གཙོས་པའི་ཕུ་ནུ་ནང་མི་ཀུན་གྱིས་ཁོང་གཤེགས་པ་ཚང་གི་དགོངས་པ་བཞིན་རེབ་གོང་སློབ་གསོའི་ཐེབས་རྩར་མ་དངུལ་ཁྲི18ཀྱིས་སྦྱོར་འཇགས་གནང་འདུག


图片2.jpg

ཁོང་གི་ནང་མི་དག་གིས་རེབ་གོང་སློབ་གསོའི་ཐེབས་རྩར་མ་དངུལ་འབུལ་བཞིན་པ།


མཉམ་སྤྱོད།