མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

2022-12-28 10:21:30   |   115

རྩོམ་སྒྲིག  སངས་དོན།      ཡོངས་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།      ལོ་ཙཱ། རིན་ཆེན་མཚོ། 


མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར། རང་རྒྱལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དེ་གནས་བབ་གསར་བ་དང་ལས་འགན་གསར་བར་ཐུག་ཡོད་པ་དང་། འགོག་སྡོམ་བྱ་བ་དུས་རིམ་གསར་བར་སླེབས་ཡོད་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་གི་འགོག་བཅོས་དང་གནད་ཕིགས་སྲིད་སྤྱོད་རྒྱུན་འཁྱོངས་བྱེད་པ། བདེ་ཐང་ལ་འགན་སྲུང་བྱེད་པ་དང་ནད་ལྕི་མོ་འགོག་བཅོས་བྱེད་པར་དམིགས་ནས། བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་ཁ་བའི་རིགས་ལ་བྱེད་ཐབས་ཁ་བ་སྤྱད་དེ་དོ་དམ་བྱེད་པ་ལག་བསྟར་བྱས་ནས། ཚད་གཞི་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ལ་བཟོས་པའི་གནོད་པ་ཇེ་ཉུང་དུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚད་མཐའི་བསམ་བློ་དང་མཐའ་མཚམས་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱེད་པར་ཤུགས་བསྣན་ནས། བྱ་བའི་མདུན་བལྟ་རང་བཞིན་དང་ཁ་གཏད་རང་བཞིན། རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྨན་བཅོས་ཐོན་ཁུངས་འཛུགས་སྐྲུན་གྱི་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། གཙོ་བོར་ཞག་སྡོད་ཉལ་ཁྲི་དང་ནད་ལྕི་མོའི་ཉལ་ཁྲིའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། ཚ་རྒྱས་སྒོ་བསྟེན་བཀོད་སྒྲིག་ལ་དམ་འཛིན་བྱེད་པ། སྨན་བཅོས་ཀྱི་སྟོབས་ཤུགས་སྡེབས་སྒྲིག་འཛོམ་པོ་བྱེད་པ། བརྒྱུད་སྐྱེལ་རྐྱེན་སྲོལ་དང་མྱུར་སྐྱོབ་ལྗང་མདོག་བགྲོད་ལམ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམ་པ་བགོ་བ་དང་རིགས་བགར་ནས་ནད་པར་སྨན་བཅོས་བྱེད་དགོས། ཐབས་ལམ་མང་པོ་སྤྱད་དེ་སྨན་རྫས་མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ་དང་། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་པ། ཚོང་རའི་སྒྲིག་ལམ་ལྟ་སྐུལ་དོ་དམ་བྱེད་ཚད་ཆེར་བཏང་ནས། སྨན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ལོ་ལོན་རྒན་པ་སོགས་ཉེན་ཁ་ཆེ་མི་ཚོགས་ཀྱི་བདེ་ཐང་དོ་དམ་དང་ལུས་ཕུང་བདེ་ཐང་ལྟ་ཞིབ་བཟང་བོར་སྤེལ་བ་དང་། ལོ་ལོན་རྒན་པའི་འགོག་སྨན་རྒྱག་ཚད་ཇེ་མཐོར་གཏོང་བ། བྱིས་པའི་སྨན་བཅོས་དགོས་མཁོ་ལ་འགན་སྲུང་གང་ལེགས་བྱེད་པ། གཙོ་གནས་ལས་ཁུངས་ཀྱི་འགོག་སྡོམ་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་འགོག་སྨན་རྒྱག་པ་དང་བདེ་ཐང་སློབ་གསོ། ལུས་ཕུང་བདེ་ཐང་བློ་འདྲི། སྨན་བཀོལ་མཛུབ་སྟོན་སོགས་རིགས་བགར་རིམ་བགོས་ཀྱི་བདེ་ཐང་ཞབས་ཞུ་བཟང་བོར་བསྒྲུབ་དགོས། ཞིང་སྡེ་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་དྲ་རྒྱའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་བརྟག་དཔྱད་བྱ་བ་བཟང་བོར་བསྒྲུབ་པ། སྨན་བཅོས་ཐོན་ཁུངས་ཆ་སྡེབས་ལ་ཤུགས་བསྣན་ནས། སྨན་བཅོས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དྲིལ་སྒྲོག་གི་སྣེ་ཁྲིད་ལ་ཤུགས་སྣོན་པ། པྲོག་གསར་གློ་ཚད་རིམས་ནད་འགོས་པར་དོ་དམ་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས། རིམས་ནད་འགོག་སྡོམ་བྱེད་ཐབས་བརྟན་བརླིང་དང་གོ་རིམ་ལྡན་པར་བསྒྱུར་བར་ཁག་ཐེག་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན།

ཁྲིན་རུའེ་ཧྥིན་དང་ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས། ཚེ་རིང་ཐར་གྱིས་མགོ་འཛིན་བྱས། ཁོང་ཡུང་གིས་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གཉིས་ཀྱིས་གཏམ་བཤད། 



མཉམ་སྤྱོད།