དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་བུམ་པའི་བྱུང་བ་བརྗོད་པ།

2022-12-29 16:12:15   |   323

རྩོམ་པ་པོ། སྟོབས་ལྡན་ཉི་མ།


2022ལོའི་ཟླ11པར། ཁ་ཐར་རྒྱལ་ཁབ་ཏུ་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་འཚོགས་པ་རེད། འཚོ་བའི་ཕྱོགས་སོ་སོར་རྐང་གྲུག་དང་འབྲེལ་བའི་གླེང་གཞིས་ཁེངས་ཡོད། ང་ཚོ་རི་བོ་གངས་ཅན་གྱི་ལྗོངས་འདིར་ཡང་། གནའ་ནས་ད་ལྟའི་བར་རྐང་གྲུག་གམ་གྲུ་གུ་རྩེད་བའི་ལོ་རྒྱུས་ལྡན། མདོ་དབུས་ཁམས་གསུམ་གྱི་རྒན་དར་གཞོན་གསུམ། ཡང་ན་སྐྱ་སེར་དབྱེ་བ་མེད་པར་བོད་ཁམས་ཀྱི་སྐྱེ་བོ་ཀུན་རྐང་གྲུག་ལ་དགའ་ཞེན་ཤིན་ཏུ་ཆེ། དེས་ན་འདིར་འཛམ་གླིང་གི་མི་མང་པོའི་མིག་གི་བདུད་རྩིར་གྱུར་བའི་འཛམ་གླིང་བུམ་པའི་སྐོར་ཅུང་ཙམ་བཤད་པར་བྱ།

དང་པོ། ཐོག་མའི་བྱུང་བ་བཤད་པ།

འཛམ་གླིང་བུམ་པ་ནི་ཨོ་རྩལ་འགྲན་ཚོགས་ནང་བཞིན་སྣ་མང་བའི་ལུས་རྩལ་འགྲན་ཚོགས་ཤིག་མ་ཡིན་པར། རྐང་གྲུག་ཁོ་ན་འགྲན་པའི་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་དང་། ལྟད་མོ་བ་ཆེས་མང་པའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན། 2006ལོའི་འཛམ་གླིང་བུམ་པར་ལྟ་མཁན་མི་གྲངས་ཕལ་ཆེར་ཐེར་འབུམ་ཆེན་པོ2ནས་ཐེར་འབུམ6ལ་སླེབས་ཡོད། འཛམ་གླིང་བུམ་པ་འཚོག་ཐེངས་མང་ཆེ་བར། 2002ལོའི་འཛམ་གླིང་བུམ་པ་མ་གཏོགས་དུས་ཚོད་ཀྱི་ཆ་ནས་ངེད་ཅག་དང་བསྡུར་ན་ཉིན་མཚན་གོ་ལྡོག་ཀྱང་། ལྟད་མོ་ཆེ་བས་ནམ་ཕྱེད་དུ་ལྟ་མཁན་ཡང་མང་དུ་མཆིས། སྤྱི་ལོ1920ལོའི་ཟླ5པའི་ཚེས26ཉིན། རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྐང་གྲུག་ཁོ་ནའི་འགྲན་བསྡུར་ཞིག་སྤེལ་བའི་ཐག་གཅད། སྤྱི་ལོ1926ལོའི་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་འདུའི་སྟེང་། ཚོགས་གཙོ་རེ་མེ་ཐི་ཡིསFIFAརྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡོད་ཚད་ཞུགས་ཆོག་པའིFIFAའཛམ་གླིང་བུམ་པའི་འགྲན་བསྡུར་སྤེལ་བའི་གྲོས་གཞིར་གྲོས་འཆམ་བྱུང་བས། སྐྱེ་བོ་ཀུན་གྱིས་ཅིག་ཅར་རེ་སྒུག་བྱེད་པའི་འཛམ་གླིང་བུམ་པ་འདི་བྱུང་བར་བརྗོད། དེ་བས་ཚོགས་གཙོ་རེ་མེ་ཐི་ལའང་འཛམ་གླིང་བུམ་པའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ།

ཆེས་ཐོག་མའི་འཛམ་གླིང་བུམ་པ་ནི་སྤྱི་ལོ1930ལོར་ཡུ་རུ་གྷེ་རྒྱལ་ས་མོང་ཐེ་ཝི་ཏི་ཡར་འཚོགས། འོན་ཀྱང་སྐབས་དེར་མཚན་སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་པའི་རྐང་གྲུག་ལུས་རྩལ་པ་མང་པོ་ཞིག་འགྲན་བསྡུར་ལ་མ་ཞུགས་པས། འཛམ་གླིང་བུམ་པ་སྐབས་དང་པོའི་ཆུ་ཚད་དང་མཚན་སྙན་དེ་ད་སྐབས་དང་བསྡུར་ན་ཤིན་ཏུ་ཆུང་། དེའི་རྗེས་སུ་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་བུམ་པ་དེ་ལོ་བཞིའི་ནང་ཐེངས་རེར་འཚོག་པའི་ཐག་བཅད། དེ་ནས་ཡང་བསྟུད་མར་ཐེངས་གཉིས་ལ་སྤེལ་རྗེས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་ལངས་པས། འཛམ་གླིང་བུམ་པའི་འགྲན་བསྡུར་ལོ12ཀྱི་རིང་ལ་མཚམས་ཆད་སོང་། འཁྲུག་ཆེན་མཇུག་སྒྲིལ་བའི་ཚེ་ན། སྤྱི་ལོ1950ལོར་བྷར་ཛིལ་རྒྱལ་ཁབ་ནས་འཛམ་གླིང་བུམ་པ་སྐབས་བཞི་པ་འཚོགས་པ་དང་། དེ་ནས་བཟུང་ལོ་བཞིའི་ནང་ཐེངས་གཅིག་ལ་འཚོག་པའི་སྲོལ་རྒྱུན་དེ་རྒྱུན་ཆད་མ་མྱོང་བ་ཡིན།

གཉིས་པ། འཛམ་གླིང་བུམ་པའི་གཟེངས་རྟགས་གླེང་བ།

འཛམ་གླིང་བུམ་པའི་གཟེངས་རྟགས་ནི་སྐོར་རེས་བྱ་དགའ་ཡིན་པ་དང་། གཟེངས་རྟགས་ཐོབ་པའི་རྒྱལ་ཁབ་ལ་ལོ་བཞིར་ཉར་དབང་ཡོད། ད་བར་དུ་གཟེངས་རྟགས་བུམ་པ་གཉིས་ལས་བྱུང་མེད། སྤྱི་ལོ1930ལོར་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་བུམ་པ་སྐབས་དང་པོ་འཚོག་རྒྱུ་ཐག་བཅད་རྗེས། ཧྥ་རན་སིའི་བརྐོ་བཟོ་བ་རོས་ཧྥོ་ཡིས་གཟེངས་རྟགས་ཐོབ་མཁན་ལ་གསེར་རྣལ་མས་གྲུབ་པའི་གཟེངས་རྟགས་བུམ་པ་བརྐོ་བཟོ་གནང་། བུམ་པ་ནི་རྡོ་རྗེ་ཕ་ལམ་གྱིས་བརྒྱན་ཞིང་། དེའི་བཟོ་ལྟ་གཙོ་བོ་ནི་གྷེ་རི་སིའི་ལྷ་སྒྲུང་ནང་གི་གཤོག་པ་ཅན་གྱི་ལྷ་མོ་རྣམ་རྒྱལ་མ་ནེ་ཁེ་ཡིན་པ་དང་། རྣམ་རྒྱལ་མས་ཕྱག་ཟུང་གིས་ཟུར་བརྒྱད་ཅན་གྱི་བུམ་པ་འདེགས་ཀྱི་ཡོད། ཚོགས་གཙོ་རེ་མེ་ཐིར་དྲན་གསོ་བྱེད་ཆེད། གཟེངས་རྟགས་བུམ་པ་འདིར་རེ་མེ་ཐི་བུམ་པ་ཞེས་པའི་མཚན་ཡང་ཐོགས། སྤྱི་ལོ1970ལོར། བསྟུད་མར་ཐེངས་གསུམ་ལ་གཟེངས་རྟགས་བུམ་པ་ཐོབ་པའི་ཧྥ་རན་སིས་བདག་གཉེར་བརྒྱབ།

བུམ་པ་གཉིས་པ་ནི་སྤྱི་ལོ1971ལོར་བཟོས་པའི་སྟོབས་ལྡན་ལྷ་བུམ་ཡིན་ཞིང་། དེ་ནི་ཇུས་འགོད་དཔེ་རིས53ལས་བདམ་ཐོན་བྱུང་བ་ཡིན། གཟེངས་རྟགས་བུམ་པ་འདི་ནི་དབྱི་ཐ་ལིའི་བརྐོ་བཟོ་བ་གྷི་ལ་ཉི་ཡས་གསེར་རྣལ་མ18K ཡིས་བཟོས་པ་དང་། དེའི་བཟོ་ལྟ་ནི་གྱད་མི་གཉིས་ཀྱིས་སའི་གོ་ལ་ཡར་འདེགས་པའི་རྣམ་པ་དང་འདྲ་བས་སྟོབས་ལྡན་ལྷ་བུམ་ཞེས་པའི་མིང་ཐོགས། བུམ་པ་འདིའི་དཔངས་ལ་ལི་སྨི36དང་། ལྗིད་ཚད་ལ་ཁེ4970ཡོད། བུམ་པའི་སྟེང་དུ་གཟེངས་རྟགས་ཐོབ་པའི་རྒྱལ་ཁབ17གྱི་མིང་བྱང་ཤོང་ཐུབ་པས། 2038ལོའི་འཛམ་གླིང་བུམ་པའི་བར་དུ་སྤྱད་ཆོག

གསུམ་པ། གཟེངས་རྟགས་བྱ་དགའ་གནང་ཚུལ།

མཐར་ཐུག་གི་རྒྱལ་ཁ་བླངས་བའི་རྒྱལ་ཁབ་ལ་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསེར་གྱི་རྟགས་མ་གནང་བ་མ་ཟད། འཛམ་གླིང་བུམ་པ་ལོ་བཞིར་ཉར་དབང་ཡོད། ལོ་བཞིའི་རྗེས་སུ་འཛམ་གླིང་བུམ་པ་ཡར་སྤྲོད་དགོས་ནའང་། གསེར་བྱུགས་པའི་འཛམ་གླིང་བུམ་པ་འདྲ་བཤུས་མ་ཞིག་གནང་བ་རེད། ཨང་གཉིས་པར་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་དངུལ་གྱི་རྟགས་མ་གནང་། ཨང་གསུམ་པར་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟངས་ཀྱི་རྟགས་མ་གནང་བ་ཡིན། 

དེ་མ་ཟད། འཛམ་གླིང་བུམ་པ་སྐབས་རེ་རེར་ད་དུང་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའི་རྣམ་གྲངས་གཞན་ཡོད་པ་སྟེ། 1.འཛམ་གླིང་བུམ་པའི་གསེར་ལྷམ་བྱ་དགའ། དེ་ནི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་གྱི་རིམ་པའི་ནང་གྲུ་གུ་འཕངས་པ་ཆེས་མང་པའི་རྐང་གྲུག་ལུས་རྩལ་པར་གནང་བ་དང་། ཆེས་ཐོག་མར་སྤྱི་ལོ1982ལོར་གནང་བ་རེད།  2.འཛམ་གླིང་བུམ་པའི་གསེར་གྲུག་བྱ་དགའ། འདི་ནི་འཛམ་གླིང་བུམ་པ་སྐབས་རེ་རེའི་རྟིང་རྩོད་འགྲན་བསྡུར་རིམ་པའི་ནང་རྣམ་འགྱུར་ཆེས་ལེགས་པའི་ལུས་རྩལ་པར་གནང་བ་དང་། འདེམས་ཤོག་འཕངས་ནས་བདམ་ཐོན་བྱུང་དགོས་ལ། ཆེས་ཐོག་མར་སྤྱི་ལོ1982ལོར་གནང་བ་རེད། 3.ཆེས་ལེགས་པའི་སྒོ་སྲུང་བའི་གསེར་གྱི་ལག་ཤུབས་བྱ་དགའ། འདི་ནི་འཛམ་གླིང་བུམ་པ་སྐབས་རེ་རེའི་རྟིང་རྩོད་འགྲན་བསྡུར་གྱི་རིམ་པའི་ནང་རྣམ་འགྱུར་ཆེས་ལེགས་པའི་སྒོ་སྲུང་བར་གནང་བ་ཡིན། ཆེས་ཐོག་མར་སྤྱི་ལོ1994ལོར་གནང་བ་རེད། 4.རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ན་གཞོན་རྐང་གྲུག་ལུས་རྩལ་པའི་བྱ་དགའ། འཛམ་གླིང་བུམ་པ་སྐབས་རེ་རེའི་རྟིང་རྩོད་འགྲན་བསྡུར་ནང་རྣམ་འགྱུར་ཆེས་ལེགས་ཤིང་ན་སོ21མན་གྱི་ན་གཞོན་རྐང་གྲུག་ལུས་རྩལ་པར་གནང་བ་ཡིན། ཆེས་ཐོག་མར་སྤྱི་ལོ2006ལོར་གནང་བ་རེད། 5.རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲང་གཞག་འགྲན་བསྡུར་བྱ་དགའ། འདི་ནི་འཛམ་གླིང་བུམ་པ་སྐབས་རེ་རེའི་རྟིང་རྩོད་འགྲན་བསྡུར་གྱི་རིམ་པའི་ནང་དྲང་གཞག་འགྲན་བསྡུར་རྒྱུན་འཁྱོངས་བའི་ལུས་རྩལ་རུ་ཁག་ལ་གནང་བ་ཡིན། རིམ་སྐོར་གཉིས་པར་སླེབས་ཚེ་ད་གཟོད་མིང་འདོན་པའི་ཐོབ་ཐང་ཡོད་པ་དང་། ཆེས་ཐོག་མར་སྤྱི་ལོ1970ལོར་གནང་བ་རེད།

བཞི་པ། སྐབས་རེ་རེའི་འཛམ་གླིང་བུམ་པ་ཚོགས་པའི་རྒྱལ་ཁབ་དང་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས་མྱོང་བའི་རྒྱལ་ཁབ་དག་བགྲང་བ།

འཛམ་གླིང་བུམ་པ་སྐབས་དང་པོ་ནི་སྤྱི་ལོ1930ལོའི་ཡུ་རུ་གྷེ་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་ཡུ་རུ་གྷེས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་གཉིས་པ་ནི་སྤྱི་ལོ1934ལོའི་དབྱི་ཐ་ལི་འཛམ་གླིང་བུམ་ཡིན་ལ། ལོ་དེར་དབྱི་ཐ་ལིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་གསུམ་པ་ནི་སྤྱི་ལོ1938ལོའི་ཧྥ་རན་སི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་དབྱི་ཐ་ལིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཞི་པ་ནི་སྤྱི་ལོ1950ལོའི་བྷར་ཛིལ་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་ཡུ་རུ་གྷེས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་ལྔ་པ་ནི་སྤྱི་ལོ1954ལོའི་སི་ཝེས་ཙེར་འཛམ་གླིང་བུམ་པ་ཡིན་ལ།། ལོ་དེར་འཇར་མན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་དྲུག་པ་ནི་སྤྱི་ལོ1958ལོའི་སི་ཝེས་དན་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བདུན་པ་ནི་སྤྱི་ལོ1962ལོའི་ཆི་ལི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བརྒྱད་པ་ནི་སྤྱི་ལོ1966ལོའི་དབྱིན་ཀི་ལེན་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་དབྱིན་ཀི་ལེན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་དགུ་པ་ནི་སྤྱི་ལོ1970ལོའི་མེག་སེ་ཁོ་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་པ་ནི་སྤྱི་ལོ1974ལོའི་འཇར་མན་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་འཇར་མན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་གཅིག་པ་ནི་སྤྱི་ལོ1978ལོའི་ཨར་གིན་ཐིན་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་ཨར་གིན་ཐིན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་གཉིས་པ་ནི་སྤྱི་ལོ1982ལོའི་སེ་ཕེན་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་དབྱི་ཐ་ལིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་གསུམ་པ་ནི་སྤྱི་ལོ1986ལོའི་མེག་སེ་ཁོ་འཛམ་གླིང་བུམ་པ་ཡིན་ལ། མེག་སེ་ཁོ་ནས་འཚོག་ཐེངས་གཉིས་པ་ཡིན་ཞིང་། ལོ་དེར་ཨར་གིན་ཐིན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་བཞི་པ་སྤྱི་ལོ1990ལོའི་དབྱི་ཐ་ལི་འཛམ་གླིང་བུམ་པ་ཡིན་ལ། འདི་ཡང་དབྱི་ཐ་ལི་ནས་འཚོག་ཐེངས་གཉིས་པ་ཡིན་ཞིང་། ལོ་དེར་འཇར་མན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅོ་ལྔ་པ་ནི་སྤྱི་ལོ1994ལོའི་ཨ་མེ་རི་ཀའི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་དྲུག་པ་སྤྱི་ལོ1998ལོའི་ཧྥ་རན་སིའི་འཛམ་གླིང་བུམ་པ་ཡིན་ལ། ཧྥ་རན་སི་ནས་འཚོག་ཐེངས་གཉིས་པ་ཡིན་ཞིང་། ལོ་དེར་ཧྥ་རན་སིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་བདུན་པ་ནི་སྤྱི་ལོ2002ལོའི་ལྷོ་ཁོ་རེ་ཡ་དང་འཇར་པན་འཛམ་གླིང་བུམ་པ་ཡིན་ཞིང་། འདི་ནི་ཐོག་མར་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་གཉེར་བའི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅོ་བརྒྱད་པ་སྤྱི་ལོ2006ལོའི་འཇར་མན་འཛམ་གླིང་བུམ་པ་ཡིན་ལ། འདི་ཡང་འཇར་མན་ནས་འཚོགས་པའི་འཛམ་གླིང་བུམ་པ་ཐེངས་གཉིས་པ་ཡིན། ལོ་དེར་དབྱི་ཐ་ལིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་བཅུ་དགུ་པ་ནི་སྤྱི་ལོ2010ལོའི་ཨ་ཧྥེ་རི་ཀ་ལྷོ་མའི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་སེ་ཕེན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་ཉི་ཤུ་པ་ནི་སྤྱི་ལོ2014ལོའི་བྷར་ཛིལ་འཛམ་གླིང་བུམ་པ་ཡིན་ལ། བྷར་ཛིལ་ནས་འཛམ་གླིང་བུམ་པ་ཚོགས་ཐེངས་གཉིས་པ་ཡིན། ལོ་དེར་འཇར་མན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་ཉེར་གཅིག་པ་ནི་སྤྱི་ལོ2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པ་ཡིན་ལ། ལོ་དེར་ཧྥ་རན་སིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། སྐབས་ཉེར་གཉིས་པ་ནི་ད་ལོའི་ཁ་ཐར་འཛམ་གླིང་བུམ་པ་ཡིན་ཞིང་། ད་ལོར་ཨར་གིན་ཐིན་གྱིས་འཛམ་གླིང་བུམ་པའི་གཟེངས་རྟགས་བླངས། 2018ལོའི་མོ་སི་ཁོ་ནས་འཚོགས་པའི་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་ཆེན་སྐབས68སྟེང་། སྐབས་ཉེར་གསུམ་པའི་འཛམ་གླིང་བུམ་པ་ནི་སྤྱི་ལོ2026ལོར་ཨ་རི་དང་ཁ་ན་ཏ། མེག་སེ་ཁོ་བཅས་རྒྱལ་ཁབ་གསུམ་དུ་འཚོག་པར་ཐག་བཅད།

འཛམ་གླིང་བུམ་པའི་གཟེངས་རྟགས་བླངས་བའི་མང་ཉུང་ལྟར་ན་འདི་ལྟ་སྟེ། བྷར་ཛིལ་གྱིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་ལྔར་བླངས་པ་དང་། དབྱི་ཐ་ལིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་བཞིར་བླངས། འཇར་མན་གྱིས་ཀྱང་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་བཞིར་བླངས། ཨར་གིན་ཐིན་གྱིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་གསུམ་ལ་བླངས། ཧྥ་རན་སིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་གཉིས་ལ་བླངས། ཡུ་རུ་གྷེས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་གཉིས་ལ་བླངས། དབྱིན་ཀི་ལེན་གྱིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་གཅིག་ལ་བླངས། སེ་ཕེན་གྱིས་འཛམ་གླིང་བུམ་པའི་བྱ་དགའ་ཐེངས་གཅིག་ལ་བླངས་ཡོད།

ད་ལྟ་ཚན་རིག་ལག་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་ནས། འགྲན་བསྡུར་དོ་མཉམ་ཡོང་ཆེད་དུ། ཉེ་བའི་འཛམ་གླིང་བུམ་པའི་ནང་ད་དུངVARལག་རྩལ་སོགས་ཀྱང་སྤྱད་དེ། སྔ་དུས་ཀྱི་འཛམ་གླིང་བུམ་པ་དང་བསྡུར་ན་སྔར་བས་དྲང་གཞག་དང་འདྲ་མཉམ་དུ་ཕྱིན་ཡོད། དེར་མ་ཟད། མི་བརྗེ་བའི་སྒྲིག་སྲོལ་ཡང་སྐབས་འདི་ནས་བཟུང་འགྲན་བསྡུར་གཅིག་གི་ནང་མི་ལྔ་བརྗེ་ཆོག་པའི་སྒྲིག་སྲོལ་གཏན་ལ་ཕབ་པ་དེས་ཀྱང་། འགྲན་བསྡུར་གྱི་མཇུག་འབྲས་དཔག་དཀའ་བར་གྱུར་ཡོད།

འདིར་རྐང་གྲུག་འགྲན་བསྡུར་གྱི་སྒྲིག་སྲོལ་དང་འགྱུར་ལྡོག རྐང་གྲུག་ལུས་རྩལ་པ་གྲགས་ཅན་སོགས་གླེང་ན་རིང་དྲགས་པས། འདིར་འདི་དག་གླེང་བར་མི་བྱ། འདི་དག་ལ་སྤྲོ་ཆེ་བ་དག་གིས་འདི་དང་འབྲེལ་བའི་དཔེ་དེབ་དང་དངོས་བྲིས་གློག་བརྙན་ལ་བལྟས་ན་མ་ལག་ལྡན་ཞིང་རྒྱུས་མངའ་ཞེ་དྲག་ཞིག་ཡོང་ངེས་སྙམ།

མཐའ་མར་ངས་འདི་ནས་རང་རེའི་རྒྱལ་ཁབ་འདིར་ཡང་། མི་འགྱང་པའི་དུས་ཤིག་ན། རྐང་གྲུག་ལུས་རྩལ་པ་རེ་འགའ་བྱུང་ནས། རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོའི་སྟེང་རང་རིགས་དང་རང་རྒྱལ་གྱི་ལ་རྒྱ་དང་གཟི་བརྗིད་ངོམས་ཐུབ་པའི་རེ་འདུན་ཡང་ཡང་ཞུའོ།།


མཉམ་སྤྱོད།