དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་ཁུར་བར་མཇལ་འཛོམས་གནང་།

2024-12-11 11:31:06   |   216

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ12པའི་ཚེས10ཉིན་འབྱོར་བའི་གློག་འཕྲིན།    ཟླ12པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“1+10”ཡི་གླེང་མོལ་ཚོགས་འདུར་ཕེབས་པའི་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་མཇལ་འཛོམས་གནང་བ་རེད།     

01.jpeg

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་ཁོང་ཚོས་ཀྲུང་གོའི་དེང་རབས་ཅན་གྱི་བྱ་གཞག་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།     

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་པ་དང་འཛམ་གླིང་ཧྲིལ་བོ་གཡོ་འགུལ་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ནས་སླར་ཡང་འགག་རྩའི་ལམ་མདོ་རུ་ལྷགས་ཡོད།     མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་གྱི་འདུས་གྲུབ་ཅིག་ཡིན་པ་དང་།    རྒྱལ་ཁབ190ལྷག་དེ་རང་སོ་སོ་གྲུ་ཆུང་རེར་བསྡད་ནས་མཚོ་འགྲུལ་བྱེད་པ་མ་ཡིན་པར་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོའི་ཐོག་སྡོད་པ་ཞིག་ཡིན་པས།    ཕན་ཚུན་དབར་གྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་མིན་པ་དང་།    ཕན་ཚུན་རོགས་ཟླར་བརྩི་བ་ལས་ཕར་ཕྱོགས་མ་ཡིན་པར།    “གོ་ལ་གཅིག་གི་སྟེང་ཕན་ཚུན་རོགས་རེས”དང་།    མཐུན་སྒྲིལ་མཉམ་ལས།    གཉིས་ཁེ་གཉིས་ཕན་བཅས་ནི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་གྱུར་ཡོད།      ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོ་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།    གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ།    འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གཞུང་དྲང་གི་འཛམ་གླིང་ཞིག་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།   

02.jpeg

གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཕུའུ་དང་།    རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀེ་ཨོར་ཅི་ཡེ་ཝ།    འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཕེང་ཨན་ཅེ།    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝུའེ་ལ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།    ཁོང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་མ་ཟད།    ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས།     ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་གིས་དོ་སྣང་བྱེད་པ་དང་ལྷག་པར་དུ་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་སུ་མིའི་རིགས་ཀྱི་ངོ་མཚར་བཏོད་ཡོད་པ་དང་།    སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཐད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད།    དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་འཛིན་པའི་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ནི་གྲུབ་འབྲས་ཤིག་ཡིན་ལ་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཀྱང་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ནས་འཛམ་གླིང་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།     ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དང་རྨང་རྡོ་ལྟ་བུ་ཞིག་དང་ཕྱོགས་མང་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བྱེད་མཁན་ཞིག་ཡིན།     ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་།    ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་བྱས་ནས་འཛམ་གླིང་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གོ་སྐབས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ཡོད།     ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུན་མོང་གིས“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་གསུམ་བཏོན་པ་དེས་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོའི་འགན་འཁྲི་གང་ལེགས་མཚོན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་ནང་ཞུགས་ནས་རང་ཉིད་འཕེལ་རྒྱས་འགྲོ་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད།     མིག་སྔའི་འཛམ་གླིང་གི་དཔལ་འབྱོར་གནས་བབ་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་པ་དང་།    ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱིས་འུར་སྒྲ་ཆེན་པོ་བསླངས་ཡོད།     འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོར་རེ་བ་ཆེན་པོ་བཅིང་ཡོད།    ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་པ་དང་འབྲེལ་ཡིད་ཆེས་ཀྱང་ཡོད།     རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ་དང་།    ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ།    རང་མོས་ཚོང་དོན་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།     

ཞི་ཅིན་ཕིང་གིས་ཕྱི་ཕྱོགས་འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་པ་དང་འབྲེལ།    འཛམ་གླིང་དཔལ་འབྱོར་དང་ཀྲུང་གོའི་དཔལ་འབྱོར།    གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཕར་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་བསློགས་མཛད།     

ཞི་ཅིན་ཕིང་གིས་བསྟན་དོན།    ཇི་ལྟར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།     རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་རང་རང་སོ་སོའི་དཀའ་ངལ་ཡོད་པས།    སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་མ་ལག་མཉམ་ལས་བྱས་ནས་འཛུགས་སྐྲུན་བྱེད་དགོས་པ་དང་།    གསར་གཏོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།    གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས།    ཐཱན་ཉུང་ལག་རྩལ་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས་པ།    དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་གཏོད་དགོས་པ།    ཤེས་བྱ་དང་ལག་རྩལ།    ཤེས་ལྡན་མི་སྣ་བཅས་རྒྱལ་སྒྲོལ་འཁོར་སྐྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།     “སྒོ་ར་ཆུང་ཆུང་ནང་གི་གྱང་མཐོན་པོ”དང་“འབྲེལ་ཐག་གཅོད་པ”ནི་རང་གཞན་གཉིས་ཀར་མི་ཕན་པས།     ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡག་པོ་བྱུང་ཚེ་གཞི་ནས་འཛམ་གླིང་ཡག་པོ་ཡོང་ཐུབ་པ་དང་།     འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་དེ་བས་ཡག་པ་ཡོང་སྲིད།     རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཐད་ཕན་ཚུན་བརྟེན་གནས་བྱེད་པ་དེ་དགེ་ལེན་སྐྱོན་སེལ་དང་གཉིས་ཁེ་གཉིས་ཕན་གྱི་བྱ་བ་བཟང་པོར་བརྩི་དགོས་པ་ལས་ཉེན་ཁར་བརྩི་མི་རུང་།    

        ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་ལྷག་པར་དུ་ཀྲུང་གོས་ཉེ་དུས་བཏོན་པའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ངོ་སྤྲོད་གནང་ཞིང་།   ལོ་ངོ40ལྷག་ཙམ་རིང་། རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བརྒྱུད་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད30%ཙམ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།     ཀྲུང་གོ་ཕྱོགས་ལ་ད་ལོའི་དཔལ་འབྱོར་འཕར་བའི་དམིགས་ཚད་མངོན་འགྱུར་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཆེན་པོ་ཡོད།     ཀྲུང་གོའི་འཕེལ་རྒྱས་ནི་སྒོ་དབྱེ་བསྟུན་མཁས་ཤིག་ཡིན།    ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།    རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ།    ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།    རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ།    ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཏོད་པ་བཅས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་བྱེད་པ་དང་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་ལོངས་སྤྱོད་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།     

ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཏོན་ནས་ལོ10སོང་རིང་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རྒྱས་ངོ་སྤྲོད་གནང་བ་དང་ཀྲུང་གོ་ནི་ལག་ལེན་པ་དང་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་པས“གཟེར་རྒྱག་པའི”སྙིང་སྟོབས་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོ་དང་འཛམ་གླིང་གིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་སྦྲེལ་ཟམ་ཞིག་སྐྲུན་དགོས་པ་དང་།      རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཁག་མུ་མཐུད་དུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཞི་བའི་འཕེལ་རྒྱས་དང་།    གཉིས་ཕན་མཉམ་ལས།    ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།     

གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྐོར་ཐད་དུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བར་ཕན་ནུས་ལྡན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད།     རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱིས་དུས་བསྟུན་མདུན་སྐྱོད་དང་།    དུས་རབས་ཀྱི་འབོད་སྒྲ་དང་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ལན་ཆ་སྤྲོད་དགོས།    གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་ཧུར་ཐག་ཞུགས་པ་དང་སྐུལ་འདེད་ཧུར་ཐག་གཏོང་བ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བཙུགས་ནས་འཛམ་གླིང་དཔལ་འབྱོར་གྱི་ཆགས་སྟངས་དང་འགྱུར་ལྡོག་མཚོན་པ་དང་།    གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱེད་དགོས།     ཕྱོགས་ཚང་མར་དེའི་ཐད་ཐུན་མོང་གི་ངོས་འཛིན་ཁག་གཅིག་བྱུང་ཡོད་པས་འགག་རྩ་ནི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན།     གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་གང་འདྲ་བྱས་ནའང་ཚང་མས་ངེས་པར་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་།    གོ་སྐབས་འདྲ་མཉམ།    སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས།    

ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཛིན་པའི་ཐོག་མཐའ་བར་གསུམ་གྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་།    མཉམ་ལས་རྒྱ་སྐྱེད།    མི་མཐུན་སར་དོ་དམ་ཚོད་འཛིན་བཅས་བྱས་ཏེ། ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་།    སྐྱོན་བྲལ།    རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་དང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།     སྒོ་ཁྲལ་གྱི་དམག་འཁྲུག་དང་།    ཉོ་ཚོང་གི་དམག་འཐབ།    ཚན་རྩལ་གྱི་དམག་འཁྲུག་བཅས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དཔལ་འབྱོར་གྱི་ཆོས་ཉིད་དང་རྒྱབ་འགལ་ཡིན་པས་རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད།     ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་བདག་དབང་དང་།    བདེ་འཇགས།    འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།     དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ཞེས་ནན་གྱིས་བསྟན་པ་རེད།།     

ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།     


མཉམ་སྤྱོད།