དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

2024-12-13 10:33:35   |   150

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12པའི་ཚེས12ཉིན་འབྱོར་བའི་གློག་འཕྲིན།    ཟླ12པའི་ཚེས12ཉིན།    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།     

01.jpg

ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ75སོང་རིང་། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་།    མཛའ་མཐུན་མཉམ་གནས།    མཉམ་ལས་གཉིས་ཁེ་བཅས་ཀྱི་ལམ་དུ་བསྐྱོད་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།     ཀྲུང་གོ་དང་ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་དང་།    འབོ་གསེར་མཉམ་ལས་ལམ་སྲོལ།    ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་གཞོགས་འདེགས་ཟབ་ཏུ་གཏོང་བ་དང་།    མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།    ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ།    རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།     

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་གྱི་ཨུ་རུ་སུའི་ཏང་དབར་འབྲེལ་བ་བཙུགས་ནས་ལོ20ལྷག་ཙམ་རིང་། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བ་དང་དགེ་མཚན་ལྡན་པའི་མཉམ་འགུལ་བྱས་ཏེ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་།    ཏང་གཉིས་ལམ་སྲོལ་ཅན་གྱི་འགྲོ་འོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ།    ཀྲུང་ཨུའི་ཆབ་སྲིད་དང་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཡོད།     མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཏང་གཉིས་པོས་མཐུན་སྦྱོར་དང་གཞོགས་འདེགས་སྔར་བས་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ་དང་།    འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་མཛའ་གྲོགས་སྲིད་ཏང་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ་འཛམ་གླིང་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།  

02.jpg   

ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས“གཡུལ་སར་ཕན་པ་མི་ཐོན་པ་དང་།    དམག་འཁྲུག་རིམ་འཕར་མི་བྱེད་པ།    ཕྱོགས་ཁག་གིས་དམག་རྒྱག་མི་དགོས་པ”བཅས་ཀྱི་རྩ་དོན་གསུམ་མཐའ་འཁྱོངས་བྱས་ནས་དུས་བབ་མགྱོགས་མྱུར་ཞི་ལྷོད་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཐེངས་མང་བྱས་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་ལངས་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།     

མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་པའི་ཕྱག་བྲིས་བརྒྱུད་སྤྲོད་གནང་ཞིང་།    ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་ཨུ་རུ་སུ་དང་ཀྲུང་གོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་སྐབས་སུ་སླར་ཡང་ཀྲུང་གོར་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་།    མིག་སྔའི་ཨུ་རུ་སུ་དང་ཀྲུང་གོའི་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ནི་ཙུང་ཐུང་ཕུའུ་ཅིང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་སྣེ་ཁྲིད་དང་སྐུལ་འདེད་བཏང་བའི་འབྲས་བུ་ཞིག་ཡིན།    “མགྲིན་གཅིག་ཏུ་སྐད་ཆ་ཤོད་པ་དང་ཕན་ཚུན་འབྲེལ་གཏུག་བྱེད་པའི”ཤོད་སྟངས་དེས་རྒྱལ་ཁབ་གཉིས་དབར་ཆགས་པའི་འབྲེལ་བ་བཟང་པོ་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།     ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱས་ནས་འཐབ་ཇུས་རོགས་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།     གཅིག་གྱུར་ཨུ་རུ་སུ་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་གྱི་སྤེལ་རེས་དང་མཉམ་ལས་ཀྱིས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་དམིགས་བསལ་གྱི་འགན་འཁྲི་ཁུར་ཡོད།     གནངས་ཉིན། གཅིག་གྱུར་ཨུ་རུ་སུ་ཏང་གིས་ཚོགས་ཆེན་ཐེངས་ཉེར་གཉིས་པ་འཚོགས་ནས་མ་འོངས་པའི་འཐབ་ཇུས་ལས་འགན་དང་དམིགས་འབེན་ལ་བཀོད་སྒྲིག་གསར་པ་བྱ་རྒྱུ་རེད།     གཅིག་གྱུར་ཨུ་རུ་སུ་ཏང་གིས་ཨུ་ཀྲུང་སྲིད་འཛིན་ཏང་གི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་བརྒྱུད་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་དེ་བཞིན་ན་གཞོན་སོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་སོགས་སྲོལ་རྒྱུན་གྱི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།     ཀྲུང་གོ་དང་པར་ཙིར་སོགས་རྒྱལ་ཁབ་ཀྱིས་བཏོན་པའི“ཞི་བདེའི་གྲོགས་པོ”ཚོགས་ཆུང་གི་གྲོས་མགོར་དོ་ཁུར་བྱས་ཏེ་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།     

ཚའེ་ཆི་དང་ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད།     


མཉམ་སྤྱོད།