དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།

2025-01-07 15:03:21   |   620

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས6ཉིན། ཞིང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི2024ལོའི་ལས་ཀའི་སྙན་ཞུར་གསན་པ་དང་། ཞིང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟླ1ཚེས9ཉིན་འཚོག་རྒྱུ་ཐག་བཅད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་ཁྲོད། ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སྐོར་རྒྱས་བཤད་གཏིང་ཟབ་གནང་ལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་འགན་སྲུང་སྐུལ་སློང་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་པས། ང་ཚོས་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་དོ་དམ་དང་ཏང་སྐྱོང་བ་མཐའ་འཁྱོངས་བྱེད་པར་རྩ་བའི་ཚད་གཞི་འདོན་སྤྲོད་བྱས་ཡོད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། བསམ་བློའི་ཐད་དང་ཆབ་སྲིད་ཐད། བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བཅས་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་འཁུར་དགོས་ལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་ཤིང་། དོ་དམ་ནན་པོ་དང་གཅེས་སེམས་ཟུང་འབྲེལ་བྱེད་པ་དང་། སྐུལ་ལྕག་དང་ཚོད་འཛིན་གཉིས་ཀ་མཐོང་ཆེན་བྱེད་པ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱ་དགོས་ལ། འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ལས་སྒྲུབ་ཀྱི་སེམས་ཤུགས་ཆེ་རུ་བཏང་ནས། སྔོན་ལ་གྲ་སྒྲིག་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་ཧུར་བརྩོན་བྱས་ཏེ། ནུས་ཤུགས་ཡོད་རྒྱུས་ད་ལོའི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། དམ་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ། འགན་འཁྲི་སྒྲུབ་པའི་འགན་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་འཛུགས་སྐྱོང་བྱེད་པར་དཔེ་སྟོན་བྱ་དགོས་ཚུལ་ནན་བཤད་གནང་།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང2025ལོའི་ལོ་གསར་གྱི་ཤིས་ཚིག་ལས་འདས་ཟིན་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་བྱས་པ་དང་། ལོ་གསར་བའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་པས་ང་ཚོར་སྐུལ་མ་ཆེན་པོ་གནང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་དོན་གཉེར། སྒྱུར་བཅོས་ལ་སྐུལ་འདེད་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བྲིས་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་གང་ཐུབ་བྱ་དགོས་པ་བསྟན།

ཚོགས་འདུའི་ཐོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་གཙོ་གནད་དམ་འཛིན་བརྟན་པོ་བྱས་ནས།  བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། རང་ཞིང་གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་སྔོན་སྐྱོད་དང་མིག་དཔེ་སྟོན་རྒྱུར་སྐུལ་འདེད་གཏོང་དགོས། “སྤྲོད་པ་གསུམ་དང་ཕན་པ་གཅིག”མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་བཀོད་སྒྲིག་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཟུགས་ལྡན་དང་ཚོར་བ། ཕན་ནུས་ལྡན་པའི་ཐད་འབད་བརྩོན་ཧུར་ཐག་བཅས་བྱས་ཏེ། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་།

ཚོགས་འདུའི་ཐོག་རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཏང་གིས་མཐོ་སློབ་ལས་དོན་ལ་མགོ་ཁྲིད་བྱེད་དབང་དམ་འཛིན་བརྟན་པོ་བྱེད་པ་དང་། མཐོ་སློབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཏང་གི་སློབ་གསོའི་བྱེད་ཕྱོགས་མཐོ་སློབ་ཏུ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱ་དགོས། བསམ་བློ་དང་ཆབ་སྲིད་སློབ་གསོའི་གལ་ཆེའི་ནང་གི་གལ་ཆེའི་གནད་དོན་འདི་དམ་འཛིན་བྱེད་པ་དང་། བསམ་བློ་དང་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐོ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ལས་དོན་གྱི་ཕན་འབྲས་རྒྱུན་མཐུད་མཐོར་འདེགས་བཏང་སྟེ། ནུས་ཤུགས་ཡོད་རྒུས“བསམ་བློ་དང་ཆབ་སྲིད་སློབ་ཚན་ཆེན་པོའི”མི་གསོ་སྐྱོང་གི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་དགོས་ལ། སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་སྐྱོང་བྱ་རྒྱུ་དེ་སློབ་གཉེར་དང་མི་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་འདྲེས་སུ་བཅུག་ནས། སྐྱིད་སྡུག་མཉམ་མྱོང་དང་དགེ་མཚང་མཉམ་འཁུར། ཤི་གསོན་མཉམ་བསུ། ལས་དབང་གཅིག་སྒྲིལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་། “ངོས་འཛིན་གཅིག་མཐུན་ལྔ”ཆེ་རུ་བཏང་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་པ་བསྟན།

ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ། བདུན་པ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་འགན་འཁྲི་ཏན་ཏིག་བསྒྲུབས་པ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་པས། ཏང་ཙུའུ་ཁག་གིས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དེ་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པ་དང་། ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་བསྟར་དང་དོན་འཁྱོལ་བྱེད་པ་དེ་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྤེལ་མཁན་དང་དོན་དངོས་སྒྲུབ་མཁན་ཡག་པོ་བྱེད་དགོས། ཚད་གཞི་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། རང་སོ་སོའི་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ། སྤྱོད་ཚུལ་དག་པའི་ཆབ་སྲིད་ཀྱི་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་མཁའ་དབུགས་སྟུག་པོ་རྒྱུན་ཆད་མེད་པར་གཏོད་དགོས། རྒྱུན་འཁྱོངས་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་བསམ་ཚུལ་བསྟན།

ཚོགས་འདུའི་ཐོག་ཚན་རྩལ་གསར་གཏོད་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གལ་འགངས་ཆེན་པོ་ཡོད་པས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་མཉམ་ལས་ཀྱི་གཙོ་གནད་གཉིས་དམ་འཛིན་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་རྐྱེན་སྲོལ་ལ་བརྟེན་ནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ལས་རིགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ཁྲོད་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ནུས་པ་སྐུལ་སློང་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་སྟོབས་ཆེན་འབུལ་དགོས་པ་ནན་གྱིས་གསུངས།


མཉམ་སྤྱོད།