དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། (མུ་འགོད1)

2023-01-04 19:54:07   |   156

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། 


ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

—— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ10ཚེས16ཉིན)

ཞི་ཅིན་ཕིང་།

1672835507163996.jpg

བློ་མཐུན་རྣམ་པ།

ད་ལྟ་ངས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད།

ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། རང་རྟོན་རང་བརྩོན། བདེན་ཚུགས་གསར་འབྱེད། ངར་སེམས་ཆེར་བསྐྱེད། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དེ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་བརྒྱུད་ཟིན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་སྒྲུབ་པའི་འདུན་པ་བཅངས་ཡོད་ལ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་སྒྲུབ་པར་གཞོལ་བས། འགན་འཁྲི་ནི་ཟླ་མེད་འགངས་ཆེན་ཡིན་པ་དང་། ལས་འགན་ལ་བླ་མེད་གཟི་བརྗིད་ལྡན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་དགོས། ངེས་པར་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེ་ཚན་སྔར་བས་ངོ་མཚར་ཅན་རྩོམ་དགོས།

དང་པོ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ།

ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐེངས་བདུན་འཚོགས་ཏེ་སོ་སོར་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། “ལྔའི་བཅུ་བཞི་བའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པ། ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་སོགས་གནད་དོན་ཆེན་པོའི་ཐད་དུ་ཆོད་དོན་དང་གྲོས་ཆོད་བཞག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཤིང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བྱས་པ་དང་། འབད་བརྩོན་དོན་ལྡན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད།

ལོ་ལྔའི་རིང་ལ། ང་ཚོས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཆ་ཚང་དང་། ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། འགྲོས་མྱུར་གོམ་བརྟན་ངང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ཞིང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གང་ལེགས་བཏང་ཞིང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཙིགས་སུ་བཟུང་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལག་བསྟར་བྱས་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱས་ཡོད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལག་བསྟར་བྱས་ཡོད། ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་གི་བཟོ་སྐྲུན་རླབས་པོ་ཆེ་གསར་པར་སྐུལ་འདེད་བཏང་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་ཡོད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་བསྐྲུན་ཚར་བ། ཏང་ཡོངས་ལ་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས། འཐབ་ལམ་གསར་པའི་ཐོག་ཏུ་སྔར་བས་བློ་བརྟན་འགྱུར་མེད་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་དགའ་སྐྱིད་ལྡན་པའི་མ་འོངས་པ་བསྐྲུན་དགོས་པའི་འབོད་སྐུལ་བཏང་ཡོད། ལྷག་པར་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་ནས། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལངས་འགོག་པ་རྒྱུན་འཁྱོངས་དང་། འགུལ་རྣམ་གཙང་བཤེར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས།  རིམས་ནད་འགོག་བཅོས་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱས་ཡོད། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཅིག་གྱུར་འཆར་འགོད་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཤང་ཀང་གི་གནས་བབ་ལ་ཟིང་ཆ་དང་འགྱུར་ལྡོག་ཆེ་བར་དམིགས་ཏེ། ང་ཚོས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་སྟེ་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ཕན་ནུས་ལྡན་པའི་སྒོ་ནས་ལག་ལེན་དུ་བསྟར་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་ནས། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱས་ཏེ། ཤང་ཀང་གི་གནས་བབ་ཟིང་ལོང་ནས་བཅོས་སྐྱོང་དུ་འགྱུར་བའི་དཀྱོགས་མཚམས་གལ་ཆེན་མངོན་འགྱུར་བྱུང་ཞིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་ཚིས་ལེགས་བཅོས། བརྟན་བརླིང་རྒྱུན་འཁྱོངས་བཅས་བྱེད་པར་རྒྱབ་སྐྱོར་བྱས། “ཐའེ་ཝན་རང་བཙན”སྟོབས་ཤུགས་ཀྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐའེ་ཝན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པའི་བསྙད་འཚོལ་ཚབས་ཆེན་ལ་དམིགས་ཏེ། ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་མངོན་ཞིང་། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་རང་འགུལ་སྔར་ལས་དམ་འཛིན་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་རྒྱུན་འཁྱོངས་བྱེད་པའི་གནས་སྟངས་སྔར་ལས་སྲ་བརྟན་དུ་བཏང་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་མགྱོགས་པོ་བྱུང་བར་ཁ་གཏད་པ་དང་། ལྷག་པར་ཕྱི་རོལ་གྱི་བསྙད་འཚོལ་གཡོ་འཕྲོག་དང་། བཀག་འགོག བཀག་སྡོམ། གནོན་ཤུགས་ཚད་མེད་བཅས་ལ་དམིགས་ནས། ང་ཚོས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་རྒྱལ་ནང་གི་ཆབ་སྲིད་དམིགས་བསལ་གྱིས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད། བཙན་དབང་ལ་མི་སྐྲག་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མངོན་པ་དང་། འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་སྲོག་ཤིང་ཁེ་ཕན་སྲུང་སྐྱོང་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད། ལོ་ལྔའི་རིང་ང་ཚོ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པའི་དོན་ཆེན་དོན་གནད་མང་པོ་འགྲུབ་པར་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

བློ་མཐུན་རྣམ་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ད་ལྟའི་བར་ལོ་ངོ་བཅུ་སོང་ཡོད། ལོ་བཅུའི་རིང་ལ། ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ཡིན། གསུམ་ནི་དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན། འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཡིན།

ལོ་བཅུའི་སྔོན་ལ། ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་ནི། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཏང་འཛུགས་སྐྱོང་གི་བཟོ་སྐྲུན་རླབས་པོ་ཆེ་གསར་པར་ཕན་འབྲས་མངོན་གསལ་ཐོབ་པས། ང་ཚོས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིང་བ་དང་། མཐུན་རྐྱེན་ཡག་པོ་བསྐྲུན་ཞིང་། འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། དེའུ་མཚུངས་སུ་ཡུན་རིང་གསོག་འཇོག་བྱས་པ་དང་གསར་དུ་ཐོན་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་རབ་དང་རིམ་པ་འཕྲལ་མར་ཐག་གཅོད་བྱ་རྒྱུར་ལུས་ཡོད་དེ། ཏང་ནང་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངོས་ཟིན་རབ་རིབ་དང་བྱ་སྤྱོད་ཤུགས་ཞན་གྱི་གནད་དོན་མི་ཉུང་བ་གནས་ཡོད་པ་དང་། ཏང་གི་མགོ་ཁྲིད་དོན་འཁྱོལ་ཞན་འགྱུར་ཟོབ་འགྱུར་ཉམས་འགྱུར་གསུམ་གྱི་གནད་དོན་མི་ཉུང་བ་གནས་ཡོད། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་དད་མོས་ལ་གཡོ་འགུལ་ཐེབས་ཤིང་། ས་གནས་དང་སྡེ་ཁག་འགའ་ཤས་སུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས་ཡང་ཡང་བཀག་ཀྱང་མ་ཁོག་པ། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ཅུང་ཚབས་ཆེན་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཁ་ཤས་མཐོང་ན་ཧང་སངས་པ་ཞིག་རེད། དཔལ་འབྱོར་གྱི་གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན་གྱི་འགལ་བ་འབུར་ཐོན་ཡིན་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་། མཐུན་འགྱུར་མིན་པ། རྒྱུན་མཐུད་མི་ཐུབ་པ་བཅས་ཡིན་ཞིང་། སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་དཀའ་བ་དང་། སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་གཏིང་རིམ་པའི་གནད་དོན་ཁག་ཅིག་དང་ཁེ་ཕན་གཏན་ཆགས་བྱུང་བའི་ར་བ་ཉིན་བཞིན་མངོན་གསལ་དོད་པོར་གྱུར་ཡོད། མི་ལ་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལ་གདེང་ཚོད་དེ་ཙམ་མེད་པ་དང་། ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་ཁྲིམས་བསྟར་ནན་མོ་མི་བྱེད་པ་སོགས་ཀྱི་གནད་དོན་ཚབས་ཆེན་གནས་ཡོད། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། ཐལ་དྲགས་ཀྱི་རང་དོན་རིང་ལུགས། ལོ་རྒྱུས་དོན་སྟོང་རིང་ལུགས་སོགས་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་ཡང་ཡང་ཐོན་པ་དང་། དྲ་བའི་གླེང་ཕྱོགས་ཟང་ཟིང་དུ་གྱུར་ནས་མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། དམངས་ཚིས་འགན་སྲུང་ཐད་ཉམས་ཞན་གྱི་གནས་མི་ཉུང་བ་ཞིག་གནས་ཡོད། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་དམ་དུ་གྱུར་བ་དང་ཁོར་ཡུག་འབག་བཙོག་སོགས་ཀྱི་གནད་དོན་འབུར་དུ་ཐོན་པར་གྱུར་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལམ་ལུགས་འཐུས་ཚང་མིན་པ་དང་། ཉེན་ཁ་ཆེན་པོ་སྣ་ཚོགས་ལ་ཁ་གཏད་པའི་་ནུས་པ་ཆེན་པོ་མེད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཐད་དུ་ཆད་སྐྱོན་དང་ཞན་ཆ་མི་ཉུང་བ་གནས་ཡོད། ཤང་ཀང་དང་ཨའོ་མོན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དོན་འཁྱོལ་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་ཆ་ཚང་མེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགྲན་སློང་དྲག་པོ་ཐེབས་པ་སོགས་རེད། སྐབས་དེར་ཏང་ནང་དང་སྤྱི་ཚོགས་ཐོག་གི་མི་མི་ཉུང་བ་ཞིག་གིས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཏང་གིས་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བར་གནོད་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་དེ་དག་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་། རྦད་ཆོད་གདམ་གསེས། ཡར་རྒྱས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕུ་ཐུང་བརྫེས་ནས་འབད་པས་བསྒྲུབས་པ་དང་། ཆར་རླུང་འཚུབ་ཀྱང་འགོག་མེད་བསྐྱོད་ཅིང་། ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱས་ཡོད།

ལོ་བཅུའི་རིང་ལ། ང་ཚོས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་པ། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཐོད་བརྒལ་རང་བཞིན་གྱི་འཕེལ་སྐྱེད་རབ་དང་རིམ་པ་མངོན་འགྱུར་བྱས་པ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། རང་རྒྱལ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ཡོད།

—— ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཁ་གསལ་བཟོས་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་སྤེལ་ལ་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།

——ང་ཚོས་ཁྱོན་ཡོངས་ནས་ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་ཡིན་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་ཡིན་པ་བཅས་ཁ་གསལ་བཟོས་ཤིང་། མ་ལག་ལྡན་པའི་སྒོ་ནས་ཏང་གི་མགོ་ཁྲིད་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཡོད། ཏང་ཡོངས་ཀྱིས“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ་དང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཆབ་སྲིད་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ངེས་ཤེས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འགན་ལེན་ཏན་ཏིག་བྱས་ཤིང་། ཏང་གིས་ཁྱོན་ཡོངས་སྤྱི་འཛིན་དང་ཕྱོགས་ཡོངས་མཐུན་འགྱུར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། ང་ཚོ་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འདི་ཉིད་སྔར་བས་མཐུན་སྒྲིལ་གཅིག་གྱུར་བྱུང་ཡོད།

—— ང་ཚོས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་འཐབ་ཇུས་བཀོད་སྒྲིག་ཆ་ཚང་བྱས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཏོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་སྟེ། འཐབ་རྩོད་རླབས་པོ་ཆེ་དང་། བཟོ་སྐྲུན་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་སྡེབ་འཛིན་བྱས་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་པ་ཁ་གསལ་བཟོས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་དགོངས་གཞི་གཏན་འཁེལ་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པ་ཁ་གསལ་བཟོས་ཤིང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འདིར་དམ་པོར་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་དང་། རྒྱུན་ཆད་མེད་པར་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།

—— ང་ཚོས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་འབྱོར་འབྲིང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ཕུགས་འདུན་འདི་མངོན་འགྱུར་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་མགོ་འཛུགས་ས་སྔར་བས་མཐོན་པོ་ཞིག་ཏུ་སླེབས་ཡོད། ང་ཚོས་གནད་འཁེལ་དབུལ་སྐྱོར་དང་ཧྲག་དམག་ཡོངས་འཐབ་རྒྱུན་འཁྱོངས་བྱས་པས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་སྟེ། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ཀྱིས་དབུལ་ཞྭ་ཕུད་པ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་ཐར་བྱུང་ཡོད། དབུལ་ཕོངས་མི་འབོར་ཁྲི་དགུ་བརྒྱ་དྲུག་ཅུ་ལྷག་ཡུལ་གཞན་དུ་གནས་སྤོས་ཏེ་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད་པས། འཛམ་གླིང་ཧྲིལ་པོའི་དབུལ་འཕྲིའི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

—— ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ་དང་། འདོན་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཤིང་། ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ས་ཁོངས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་འཕར་མངོན་འགྱུར་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལྔ་བཅུ་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་བཅུ་བཞིའི་བར་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་བསྡུར་ཚད་ཀྱི་བརྒྱ་ཆ་བཅོ་བརྒྱད་དང་ཚེག་ལྔ་ཟིན་ཞིང་བརྒྱ་ཆའི་གྲངས་བདུན་དང་ཚེག་གཉིས་འཕར་ཏེ། འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་སུམ་ཁྲི་དགུ་སྟོང་བརྒྱད་བརྒྱ་ནས་བརྒྱད་ཁྲི་ཆིག་སྟོང་བར་འཕར་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཏེ། མི་འབོར་དུང་ཕྱུར་བཅུ་བཞི་ལྷག་གི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་བཅུ་གཅིག་དང་ཚེག་དྲུག་མཐོ་རུ་ཕྱིན་ནས་བརྒྱ་ཆའི་དྲུག་ཅུ་རེ་བཞི་དང་ཚེག་བདུན་ཟིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གསོག་འཇོག་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད། འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་མྱུར་བགྲོད་གཞུང་ལམ་དྲ་བ་ཆེ་ཤོས་བསྐྲུན་ཞིང་། གནམ་གྲུ་ཐང་དང་། གྲུ་ཁ། ཆུ་བེད། ནུས་ཁུངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད། ང་ཚོས་ཚན་རྩལ་རང་ཚུགས་རང་བརྩོན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་ཆིག་ཁྲི་ནས་སྒོར་དུང་ཕྱུར་ཉིས་ཁྲི་བརྒྱད་སྟོང་བར་འཕར་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་དང་། ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་ཐོལ་བརྒལ་བྱུང་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། མི་སྡོད་མཁའ་སྐྱོད་དང་། ཟླ་བའི་གོ་ལ་དང་སྐར་མ་མིག་དམར་བརྟག་ཞིབ། མཚོ་གཏིང་དང་ས་འོག་འཚོལ་ཞིབ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། རྡུལ་གློག་ལག་རྩལ། ནུས་ཁུངས་གསར་པའི་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པས། གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།

—— ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཤིང་། བཅོས་སྒྱུར་གྱི་འགག་སྒྲོལ་དམག་འཐབ་རྒྱག་མགོ་ཚུགས་པ་དང་། བཅོས་སྒྱུར་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན། ཆུ་ཟབ་སར་འཛུལ་ཕོད་པ་དང་། རུས་མཁྲེགས་རྨུར་ཕོད་པ། ཉེན་ཐང་བརྒལ་ཕོད་པ་དང་འགྲན་སློང་གསར་པར་ཁ་གཏད་ཕོད་པ་བཅས་བྱས་ཤིང་། བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་བརྟོལ་བ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་པའི་ར་བ་གཏོར་བ། ཕྱོགས་སོ་སོའི་ལམ་ལུགས་དང་རྐྱེན་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་གཙང་སེལ་བྱས་ཡོད། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་བཙུགས་པ་དང་། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་སྐྲུན། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་རེས་སྐོར་གསར་པ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་ཆགས་བྱུང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

—— ང་ཚོས་སྔར་ལས་ཧུར་ཐག་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ལ་ཁ་ཕྱོགས་ཤིང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་བསྐྲུན་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད། རང་རྒྱལ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་གི་ཉོ་ཚོང་གྲོགས་པོ་གཙོ་བོར་གྱུར་ནས། དངོས་ཟོག་ཉོ་ཚོང་གི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆགས་ཡོད།

—— ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་སྔར་བས་ཏན་ཏིག་བྱས་ཤིང་། གཞི་རིམ་གྱི་དམངས་གཙོའི་གསོན་ཤུགས་ཇེ་ཆེར་ཕྱིན་པ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྐྱེད་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་བྱུང་ཞིང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་སྔར་བས་ལེགས་པ་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་གནས་སྟངས་གཞི་རྩའི་ཆ་ནས་གྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བའི་འགན་སྲུང་སྔར་ལས་སྲ་བརྟན་དུ་བཏང་བ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་པ་བཏོད་ཡོད།

—— ང་ཚོས་མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་སློབ་སྟོན་གོ་གནས་བཟུང་ཡོད་པའི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས་ཤིང་། དུས་རབས་གསར་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མིའི་སེམས་གཏིང་ལ་འཇགས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་སྒྲོག་སྤེལ་བྱས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། རིག་གནས་བྱ་གཞག་ཉིན་རེ་བཞིན་དར་རྒྱས་བྱུང་བ་དང་། དྲ་བའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ང་ཚོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་དགུ་བཅུ་ལོན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་ལོན་པ་དང་། ཀྲུང་གོའི་མི་དམངས་དང་བླངས་དམག་རྒྱལ་ཕྱིར་བསྐྱོད་ནས་མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་བརྒྱབ་ནས་ལོ་ངོ་བདུན་ཅུ་ལོན་པར་གཟབ་རྒྱས་ངང་དྲན་གསོ་བྱས། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བས། གཞོན་རབས་པ་སྔར་ལས་ཧུར་བརྩོན་ཡར་སྐྱེད་ལྡན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་གདེང་ཚོད་མངོན་གསལ་གྱི་ཇེ་དྲག་ཏུ་སོང་། བསམ་པའི་ཉམས་འགྱུར་ལ་སྔར་ལས་ངར་ཤུགས་ཡར་བརྩོན་གྱིས་བརྟས་ཡོད།

—— ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་བདུན་ཅུ་དོན་བརྒྱད་དང་ཚེག་གཉིས་བར་འཕར་ཡོད། སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ནས་སུམ་ཁྲི་ལྔ་སྟོང་ཆིག་བརྒྱའི་བར་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་པ་ལོ་རེར་ཆ་སྙོམས་མི་ཁྲི་ཆིག་སྟོང་སུམ་བརྒྱ་ཡན་ཟིན་ཡོད། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ཡོད། སློབ་གསོ་ཁྱབ་གདལ་བཏང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། གཞི་རྩའི་རྒན་གསོའི་འགན་སྲུང་གྱིས་མི་དུང་ཕྱུར་བཅུ་དང་བྱེ་བ་བཞི་ཁེབས་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་གོ་ལྔ་རུ་བརྟན་པོར་གནས་ཡོད། བུ་སྐྱེས་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཡོད། སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི་བཞི་སྟོང་ཉིས་བརྒྱ་ལྷག་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཁང་ཁྱིམ་ཚང་ཁྲི་ཉིས་སྟོང་བཞི་བརྒྱ་ལྷག་བསྒྱུར་བཀོད་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད། མཉམ་སྦྲེལ་དྲ་བར་ཞུགས་པའི་མི་གྲངས་དུང་ཕྱུར་བཅུ་དང་བྱེ་བ་གསུམ་ཟིན་ཡོད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད། མཉམ་དུ་ཕྱུག་པོར་འགྱུར་བར་ཕན་འབྲས་གསར་པ་ཐོབ་ཡོད།

—— ང་ཚོས་རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད། འབག་བཙོག་འགོག་བཅོས་འགག་སྒྲོལ་གཏིང་གཏིང་རིམ་པར་སྐུལ་འདེད་བཏང་བ་དང་། ལྗང་མདོག་དང་། རྒྱུན་འཁོར། ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ་དང་། ཆུ་བོ་སྔར་ལས་དྭངས་པ་བཅས་བྱུང་ཡོད།

—— ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་མགོ་ཁྲིད་ལམ་ལུགས་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། རྩ་དོན་གྱི་གནད་དོན་ཐད་ནས་གཟུར་བཤོལ་སྤུ་ཙམ་ཡང་མི་བྱེད་པ་དང་། བློ་རྩ་བརྟན་པོའི་གཤིས་རྒྱུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་ཤུགས་ཇེ་དྲག་ཏུ་སོང་ཡོད། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད། མི་རིགས་ཁ་ཕྲལ་སྟོབས་ཤུགས་དང་། ཆོས་ལུགས་ཐལ་དྲགས་སྟོབས་ཤུགས། དྲག་སྤྱོད་འཇིགས་སྐུལ་སྟོབས་ཤུགས་བཅས་བཀག་འགོག་ནུས་ལྡན་བྱུང་བ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པར་ནུས་ལྡན་གྱིས་གདོང་གཏད་པ་དང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ཆུ་ཚད་སྔར་བས་མཐོན་པོར་ཕྱིན་ཡོད།

—— ང་ཚོས་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཤིང་། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཡོད། མི་དམངས་དམག་དཔུང་ལ་ཏང་གིས་མགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་ཡོད། སྤྱོད་སྟངས་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་སྦྱོང་སྒྲིག་ལ་སྐུལ་འདེད་བཏང་ཞིང་། འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་འདི་བརྟན་པོར་བཙུགས་ཏེ། བློ་ཐག་རྦད་ཆོད་ཀྱིས་དམག་ཡོངས་ཀྱི་བྱ་བའི་ལྟེ་གནད་དེ་དམག་གྲབས་དང་དམག་འཐབ་ཀྱི་དྲང་ལམ་དུ་དྲངས་པ་དང་། ཕྱོགས་གང་ཅིའི་ཐད་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་ལ་གཅིག་འདོམས་ཀྱིས་ཤུགས་བསྣན་པ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེན་དང་། བློ་གཤོགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་བྱས་པ། མི་དམངས་དམག་དཔུང་གི་མགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དེང་རབས་དམག་དོན་སྟོབས་ཤུགས་མ་ལག དམག་དོན་སྲིད་ཇུས་ལམ་ལུགས་བཅས་བསྐྱར་སྒྲིག་བྱས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། དངོས་ཞབས་སྒྲིག་ཁོངས་དམག་གྲངས་ཁྲི་སུམ་ཅུ་ཉུང་འཕྲི་བྱ་རྒྱུ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད། མི་དམངས་དམག་དཔུང་ལ་སྒྲིག་སྲོལ་གསར་སྒྱུར་དང་། གྲུབ་ཚུལ་གསར་སྒྱུར། གནས་སྟངས་གསར་སྒྱུར། རྣམ་པ་གསར་སྒྱུར་བཅས་བྱུང་ཡོད། དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་མངོན་གསལ་དོད་པོས་མཐོར་འདེགས་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་བགྲོད་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་ཕྱིན་ཡོད།

—— ང་ཚོས་ཁྱོན་ཡོངས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཡང་དག་ངང་སྐུལ་སྤེལ་བྱས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཤང་ཀང་ཟིང་ལོང་ནས་བཅོས་སྐྱོང་དང་། བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བས། ཤང་ཀང་དང་ཨའོ་མོན་ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་ཡོད། ང་ཚོས་དུས་རབས་གསར་པར་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་པོ་བཏོན་པ་དང་། ངོགས་གཉིས་དབར་འབྲེལ་འདྲིས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ཡོད། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱས་ཡོད།

—— ང་ཚོས་ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་སྤེལ་བཏང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། ངེས་པ་དོན་གྱིས་ཕྱོགས་མང་རིང་ལུགས་ལག་བསྟར་དར་སྤེལ་བཏང་བ། ལྟ་བ་གསལ་སྟོན་གྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། ཕྱོགས་གཅིག་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་ཤེད་བྱ་སྤྱོད་ཐམས་ཅད་ལ་བློ་བརྟན་འགྱུར་མེད་ཀྱིས་ངོ་རྒོལ་བྱས་ཡོད།

ང་ཚོས་ཕྱི་འབྲེལ་གྱི་སྤྱིའི་བཀོད་པ་འཐུས་ཚང་དུ་བཏང་བ་དང་། འཛམ་གླིང་ཡོངས་སུ་ཁེབས་པའི་སྤུན་ཟླའི་འབྲེལ་བའི་དྲ་བ་ཧུར་ཐག་གིས་བཙུགས་ཤིང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་བཏང་ཡོད། ང་ཚོས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་འཁུར་མངོན་ཏེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། ཁྱོན་ཡོངས་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སྤེལ་བས། རྒྱལ་སྤྱིའི་བསྔགས་བརྗོད་རྒྱ་ཆེར་ཐོབ་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་། འགུག་ཤུགས། བཞེངས་སྐྲུན་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

—— ང་ཚོས་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལྕགས་བརྡུང་ན་ཐོ་བ་མཁྲེགས་དགོས་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་དོན་འཁྱོལ་བྱེད་མགོ་བརྩམས་ཏེ་གནད་དོན་སེལ་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ་དང་དོན་འཁྱོལ་བྱས་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ཚང་མར་སྤྱི་འདོམས་བྱས་ཏེ། བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་བར་ཕྱོགས་མཐུན་ཤུགས་འདོན་རྒྱུན་འཁྱོངས་ཀྱིས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་བ་དང་། ཏང་ནང་གི་གཅིག་སྡུད་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་ཞིང་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་ཚད་གཞི་འབུར་དུ་བཏོད་ནས་མཁས་འདེམས་འཇོན་བསྐོ་བྱས་པ། ཆབ་སྲིད་སྐོར་གཟིགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཏང་ནང་གི་ཁྲིམས་སྲོལ་མ་ལག་ཅུང་འཐུས་ཚང་ཆགས་པ་དང་། ཏང་ཡོངས་ཀྱི་ཕུགས་བསམ་དད་སེམས་བརྟན་པོར་གཏོང་བ་དང་། རྩ་འཛུགས་མ་ལག་དམ་པོར་འཛུགས་པ། སྒྲིག་ཁྲིམས་སྒྲིག་ལམ་དམ་སྡོམ་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་དར་སྤེལ་དང་སྒྲིག་ཁྲིམས་ནན་མོར་བཟུང་བ་དང་། གཟེར་བརྡབས་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ངན་བཞི”ཡོ་བསྲང་བཅོས་སྐྱོང་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་བྱས་ཡོད། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཤིང་། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་། ལོ་མང་པོའི་རིང་ལ་བཅོས་དཀའ་བའི་རྒྱུན་འབྱམས་སྤྱོད་ངན་ཁ་ཤས་བཅོས་སྐྱོང་བྱས་ཡོད། ང་ཚོས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་བྱས་ཏེ། “མི་བརྒྱ་ཕྲག་སྟོང་ཕྲག་ལ་ཕོག་ཐུག་བཏང་ཡང་། མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་པའི”འགན་འཁྲི་དང་ཁུག་འཁུར་གྱིས་སྤྱོད་ངན་བཅོས་སྐྱོང་བྱས་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། “སྟག་རྡུང”དང་། “སྦྲང་གསོད” “ཝ་རྔོན”བཅས་ཐབས་མང་མཉམ་སྤྱོད་བྱས་ཏེ། རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་ཞིང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་བསལ་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་དུ་སྤྱོད་པར་འགན་ལེན་ཏན་ཏིག་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས། ཏང་གིས་རང་ངོས་གསར་བརྗེ་བྱེད་པ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་དེ། རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་ཆེ་རུ་མངོན་གསལ་ཕྱིན་ཡོད། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལྷོད་ཡངས་འཇམ་གསུམ་ཡིན་པའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ཏང་ནང་གི་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་ཕྱིན་ནས་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱེད་པའི་དུས་མཚུངས་སུ། ངེས་པར་གསལ་བོར་མཐོང་དགོས་པ་ནི། ང་ཚོའི་ལས་དོན་ལ་ད་དུང་མི་འདང་ས་ཁ་ཤས་ཡོད་པ་དང་། དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་འཕྲད་ཡོད་དེ། གཙོ་བོ་ནི། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་དུ་ཐོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་གེགས་རྐྱེན་མང་པོ་ཡོད་ལ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ད་དུང་དྲག་པོ་མེད། འབྲུ་རིགས་དང་། ནུས་ཁུངས། ཐོན་ལས་མུ་འབྲེལ་དང་འདོན་སྤྲོད་མུ་འབྲེལ་བཅས་ཡིད་རྟོན་རུང་བ་དང་བདེ་འཇགས་ཡིན་པར་འགན་ལེན་ཏན་ཏིག་བྱེད་པ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པའི་ཐད་ནས་ད་དུང་གནད་དོན་ཆེན་པོ་མང་པོ་ཐག་གཅོད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་བྱེད་པར་ད་དུང་རུས་མཁྲེགས་རྨུར་དགོས་པ་ལྟ་བུའི་དཀའ་ཁག་མང་པོ་ཞིག་ཡོད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་འགྲན་སློང་མི་ཉུང་བ་གནས་ཡོད། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་ཁྱད་སྔར་བཞིན་ཅུང་ཆེ། མང་ཚོགས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། བཅོལ་གསོ། རྒན་གསོ། སྡོད་ཁང་སོགས་ཀྱི་ཐད་དཀའ་གནད་མི་ཉུང་བར་ལྷགས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ལ་ཁག་འཁུར་གྱི་སྙིང་སྟོབས་མེད་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་མི་ཆེ། དངོས་སྒྲུབ་ཀྱི་སྙིང་སྟོབས་མི་འདང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་འབུར་ཐོན་ཡིན་པ་དང་། རུལ་སུངས་འབྱུང་ཡུལ་རྩ་མེད་དུ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་སོགས་རེད། གནད་དོན་འདི་དག་ཐད་ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཐག་གཅོད་བྱེད་བཞིན་ཡོད་ལ། ཕྱིན་ཆད་ངེས་པར་དུ་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།

བློ་མཐུན་རྣམ་པ། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་ནས་ཐོབ་པ་དང་། བསྒྲུབས་ནས་ཐོབ་པ། འབད་འཐབ་བྱས་ནས་ཐོབ་པ་བཅས་རེད། འདི་རུ་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། དམངས་གཙོའི་ཏང་ཁག་སོ་སོ། མི་དམངས་ཀྱི་ཚོགས་པ་སོ་སོ། ལས་རིགས་སོ་སོའི་རྒྱལ་གཅེས་མི་སྣ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བགྲོད་ལམ་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་ནི་གསར་བརྗེའི་ཞུན་བརྡར་ཁྲོད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད་པ་དང་། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་གཞི་རྐང་དུ་གྱུར་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་གྱུར་ཡོད། ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་སྟོབས་ལྡན་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་སྔར་བས་ཇེ་བརྟན་དུ་གྱུར་ཏེ། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་སྙིང་སྟོབས་སྔར་བས་ཆེན་པོ་འཕེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་ལ་ཡིད་ཆེས་བརྒྱ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེ་ཚན་གསར་པ་བརྩམས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་སྔར་བས་བརྟན་པོ་དང་ལམ་ལུགས་ཀྱི་འགན་ལེན་སྔར་བས་འཐུས་ཚང་ལྡན་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་ཡོད། ཚན་རིག་སྤྱི་ཚོགས་རིང་ལུགས་ལ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་རུ་གསོན་ཤུགས་གསར་པ་རབ་ཏུ་རྒྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་གདམ་ག་གསར་པ་འདོན་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་མང་ཞིང་ལེགས་པ་འདོན་སྤྲོད་བྱས་པ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་གི་ཆེད་དུ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་བཞག་ཡོད། 

(མུ་འགོད)


མཉམ་སྤྱོད།