དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།

2023-01-10 18:42:27   |   135

རྩོམ་སྒྲིག  སངས་དོན།      ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།


སྐད་ཅིག་ཙམ་ཡང་མི་སྡོད་པར་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས།

ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལི་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་ཞིང་སྐྱིད་པ་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་དེ་ཡུན་རིང་གི་འཐབ་ཇུས་དང་ཇི་སྲིད་བར་གྱི་བསླབ་གཞིར་བརྩི་བ་དང་། སྔ་ཕྱི་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐིལ་ཕྱིན་བྱེད་པ། མདུན་སྐྱོད་ཀྱི་དུང་བརྡ་ནམ་ཡང་སྒྲོག་པ། ནན་མོ་བྱེད་པའི་བྱེད་ཕྱོགས་དང་། ནན་མོ་བྱེད་པའི་བྱེད་ཐབས། ནན་མོ་བྱེད་པའི་ངང་ཚུལ་བཅས་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་པ། ཏང་གི་རླབས་ཆེའི་རང་ངོས་གསར་བརྗེ་མཐར་ཕྱིན་པ་བཅས་བྱེད་དགོས། དོ་དམ་ནན་མོ་དང་བརྩེ་བ་ཆེན་པོ་འཆང་བ་གཉིས་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་མཉམ་བཟུང་རྒྱུན་འཁྱོངས་བྱེད་དགོས་ཤིང་། “དབྱེ་བ་འབྱེད་དགོས་པ་གསུམ”རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྔར་ལས་བཟང་བར་སྐུལ་སྤེལ་བྱས་པ་བརྒྱུད། འཐབ་ལམ་གསར་པར་འབད་པས་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྣང་ཚུལ་སྟུག་པོ་ཞིག་དང་མི་སེམས་འགུལ་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་དར་རྒྱས་བྱུང་ན་ད་གཟོད་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། དུས་རབས་གསར་པའི་ལོ་བཅུའི་ནང་། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་དེ“ཁྱོན་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་སྒྲིག་ནང་བཅུག་པ་དང་། གྲི་ཁ་ནང་གཏད་དང་། རུས་འབྲད་དུག་སེལ། སྨན་ཆེན་བཏང་ནས་ནད་གཞི་བཅོས་པ། ཁྲིམས་ནན་པོས་ཉོག་ཟིང་བཅོས་པ་བཅས་བྱས་པས། ཏང་གི་གསར་བརྗེའི་རང་བཞིན་སྐྲུན་པའི་ཁྲོད་སྔར་ལས་ལྷག་པར་འགྱུར་མེད་སྟོབས་ལྡན་དུ་གྱུར་ཡོད། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ་ནམ་ཡང་ལམ་དུ་ཡོད་པས། དུས་རྣམ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་སྲུང་བྱེད་དགོས། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཇི་ལྟར་བྱ་རྒྱུ། ཇི་ལྟར་བྱས་ནས་སྔ་བར་ཕྱི་གསུམ་དུ་སྲིད་འཛིན་གྱི་ནུས་པ་དང་མགོ་ཁྲིད་ཀྱི་ཆུ་ཚད་ཆེན་པོ་ལྡན་པར་བྱེད་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་སྟེང་དུ་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་འཁྱོངས་བྱེད་པ་བཅས་པ་ཚང་མ་རང་རེའི་ཏང་ཆེན་པོ་འདིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དམིགས་བསལ་གྱི་དཀའ་གནད་ཅིག་རེད། དཀའ་གནད་འདི་དག་ཐག་གཅོད་བྱ་རྒྱུ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་ཁྱད་བསད་བྱེད་དགོས་པའི་དཀའ་གནད་ཅིག་དང་། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་དེ་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཕྲོད་མཐུན་ཡོང་བར་ངེས་པར་དུ་བསྒྲུབ་དགོས་པའི་དཀའ་གནད་ཅིག་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་འཛུགས་རྒྱུ་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བྱ་བ་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་ནང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཏང་གི་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་རགས་ཙམ་བཙུགས་ཡོད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱེད་ནུས་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་མཐུན་པ། འཁོར་སྐྱོད་ལས་ཕྱོད་མཐོ་བ་བཅས་ཀྱི་འགུལ་རྣམ་མ་ལག་ཅིག་ཡིན་དགོས། མ་ལག་དེ་འཐུས་ཚང་དུ་གཏོང་བར་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཕྱོགས་སོ་སོ་འཛུགས་སྐྲུན་ལ་འབྲེལ་མཐུད་དམ་ཚགས་དང་། མཉམ་འགུལ་ཕྱོགས་བསྒྲིགས། འབྲེལ་མཐུད་མཐུན་སྦྱོར་བཅས་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་དུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་ལམ་ལུགས་ཚན་རིག་དང་མཐུན་ཞིང་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་བས་མངོན་གསལ་དོད་དུ་གཏོང་བ། བཅོས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས། རྩོད་སྒྲུབ་ལྡན་པའི་བསམ་གཞིགས་བཅས་ལ་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཏང་འཛུགས་སྐྲུན་དེ་བས་མངོན་གསལ་དོད་དུ་གཏོང་དགོས། ནང་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁ་གཏད་ཁྱོན་ཡོངས་ལ་ཁྱབ་པ། འགན་འཁྲི་ཁྱོན་ཡོངས་ལ་འབྲེལ་ཐུབ་པ། ལམ་ལུགས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་བརྒྱུད། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ལས་དོན་ཁག་ལ་དུས་རབས་ཀྱི་རང་བཞིན་སྔར་བས་མངོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ནི་ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། བྱེ་བྲག་ཅན་དང་། གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་འབད་བརྩོན་སྔར་ལས་ལྷག་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་སྡེ་ཁག་དང་། ལས་རིགས། ཁྱབ་ཁོངས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ཤུགས་རྒྱག་པ། གོང་འཕེལ་གྱི་གནས་སྟངས་གསར་པ་རང་འགུལ་ངང་འཛུགས་པ་སོགས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད་མེད་དང་དོན་འཁྱོལ་ཡག་པོ་བྱས་ཡོད་མེད་ལ་བལྟ་དགོས། ཏང་ཀྲུང་དབྱང་གིས་བཏོན་པའི་གཙོ་གནད་ལས་འགན་དང་། གཙོ་གནད་བྱེད་ཐབས། གལ་ཆེའི་སྲིད་ཇུས། གལ་ཆེའི་བླང་བྱ་བཅས་ལག་བསྟར་བྱས་ཚུལ་ལ་བལྟ་དགོས། རང་ས་ཁུལ་དང་རང་སྡེ་ཁག་དང་རང་ལས་ཁུངས་ཀྱིས་འགན་འཁྲི་འཁུར་ཐུབ་མིན་ལ་བལྟ་དགོས། བཀའ་རྒྱ་ཡོད་ཀྱང་ལག་ལེན་མི་བསྟར་བ་དང་། བཀག་ཀྱང་མི་ཉན་པ། གདམ་ག་བྱེད་པ། བབ་བསྟུན་བྱེད་པ། འཐེན་སྐུམ་བྱེད་པ། ཁྱོན་ཡོངས་ལ་ལྟ་རྟོག་མི་བྱེད་པ། སྡེ་ཚན་དང་ས་གནས་སྲུང་སྐྱོབ་རིང་ལུགས་གཉེར་བ། འདྲ་བཤུས་འདྲ་སྤོས་བྱེད་པ། གོང་འོག་རགས་བསྡུས་གཅིག་མཚུངས་བྱེད་པ་སོགས་ཀྱི་མངོན་གསལ་དོད་པོའི་གནད་དོན་དུས་ཐོག་ཏུ་འཕྱུགས་མེད་ངང་ཤེས་རྟོགས་བྱས་ནས། ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཏན་ཏིག་སེལ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱུན་ལྡན་གྱི་ལྟ་སྐུལ་ཤུགས་ཆེ་ཞིང་ནུས་ལྡན་གྱི་སྒོ་ནས་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་ལག་བསྟར་བྱེད་པ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་དམངས་ལ་ཡིད་ཆེས་འཛུགས་པའི་བྱ་སྤྱོད་ཅིག་ཡིན་པས། དར་སྲོལ་དེ་གོམས་སྲོལ་དུ་མ་འགྱུར་བར་ངེས་པར་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྣེ་ཁྲིད་བྱེད་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་མུ་མཐུད་ཡོ་བསྲང་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ། ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་ཡང་ཐོན་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་དམ་འཛིན། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་བརྩིས་ནས་དམིགས་སའི་རང་བཞིན་གྱི་བྱ་ཐབས་ཞིབ་འཇུག་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་བཅོས་སྐྱོང་བྱེད་པ། བདེན་བཏོན་མཐའ་སྐྱེད། དངོས་ཕན་དོན་གཉེར་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྙུག་ལྕག་ལྟ་བུ་ཡིན་ལ་ཏང་ཡོན་དང་ལས་བྱེད་པས་རང་ངོས་ཀྱི་བྱ་སྤྱོད་གཅུན་འདོམས་བྱེད་པའི་ཚད་གཞི་དང་བརྩི་སྲུང་ཞུ་སའང་ཡིན། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཏང་གི་སྒྲིག་སྲོལ་བཟོ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་བླང་བྱ་ནན་པོ་ལག་བསྟར་བྱས་ནས། སྒྲིག་ཁྲིམས་ནན་པོར་ནུས་པ་ཆེར་སྐྱེད་དང་ཟིལ་ཤུགས་འཕེལ་བར་བྱེད་དགོས་ལ། ལས་བྱེད་པས་མཐོང་ཆེན་དང་། རྨོངས་གཉིད་ལས་སད་པ། མཚམས་འཇོག་ཤེས་པ་བཅས་བྱས་ཏེ། ཏང་ཡོངས་སུ་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ལམ་སྲུང་བའི་ཚད་མཐོའི་རང་རྟོགས་ཆགས་པ་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་ཚང་མས་ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོ་བཙུགས་ཐོག དེ་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སྤྱད་དེ་རང་ཉིད་ཀྱི་གཏམ་སྤྱོད་ལ་ཚོད་འཛིན་བྱེད་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་ལུགས་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལྟ་སྐུལ་དང་ཚོད་འཛིན་ཐེབས་པའི་ཁོར་ཡུག་ཁྲོད་ལས་ཀ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་སྔར་བས་འཇགས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། འཕར་ཚད་བཀག་འགོག་དང་བསགས་འབོར་གཙང་སེལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད། ངེས་པར་དུ་རྩ་ལག་མཉམ་བཅོས་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པའི་ཐད་ལ་མུ་མཐུད་དུ་གནོན་ཤུགས་བསྣན་དགོས། ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་ཟིལ་ཤུགས་མི་སྒྱུར་བ། བཙན་གནོན་ཆད་གཅོད་ཀྱི་སྟོབས་ཤུགས་རྒྱུན་འཁྱོངས་བཅས་བྱས་ཏེ། མཚམས་ཚོད་མེད་པ་དང་སྙིང་ཆེ་ཧམ་ལས་བྱེད་མཁན་ལ་ཆད་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་སྣོལ་འདྲེས་སུ་ཐོན་པའི་རུལ་སུངས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། མགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། སྲིད་ཚོང་ངན་འབྲེལ་དང་མ་རྩ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཆབ་སྲིད་ཀྱི་འབྱུང་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལས་རིགས་རང་བཞིན་དང་། མ་ལག་རང་བཞིན། ས་ཁོངས་རང་བཞིན་བཅས་ཅུང་མངོན་གསལ་དོད་པའི་རུལ་སུངས་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱ་དགོས། རུལ་སུངས་བྱེད་མི་ཐུབ་པའི་ཐད་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགག་སྒོ་སྔོན་དུ་སྣུར་བ། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་སྐྱེ་འཕེལ་དང་ཁྱབ་འགྱེད་འགྲོ་རྒྱུ་འགོག་བཅོས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། རུལ་སུངས་བྱེད་མི་འདོད་པའི་ཐད་སྲ་བརྟན་མཐོར་འདེགས་བྱ་དགོས་པ་དང་། གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་གཏོང་ལ་སྔར་བས་དོ་སྣང་བྱེད་དགོས་ལ། དུས་རབས་གསར་པའི་སྤྱོད་གཙང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བདེན་འཚོལ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་དར་སྲོལ་གསར་པ་སྐྱེད་སྲིང་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ནུས་ལྡན་ངང་འབྲེལ་མཐུད་བྱས་ནས། དེ་གསུམ་པོར་དུས་གཅིག་ཏུ་ཤུགས་བརྒྱབ་པ་དང་། ཕྱོགས་གཅིག་ལ་ཤུགས་བརྒྱབ་པ། ཕྱོགས་བསྡུས་ཐོག་ཤུགས་བརྒྱབ་པ་བཅས་བྱས་ནས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་དང་། རུལ་སུངས་བྱེད་མི་ཐུབ་པའི་གཅུན་ནུས། རུལ་སུངས་བྱེད་མི་འདོད་པའི་འབོད་སྐུལ་ནུས་པ་བཅས་ཟུང་འབྲེལ་བྱེད་དགོས། ལྐོག་རྔན་སྤྲོད་མཁན་ལ་ཆད་གཅོད་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལྐོག་རྔན་སྤྲོད་མཁན་ལ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། “རྒྱབ་རྟེན་བཅོལ་ས་ཡོད”ཟེར་བའི“ཆབ་སྲིད་མགོ་སྐོར་གཏོང་མཁན”དེ་ཚོར་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།  

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་གཅིག་གྱུར་མགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་དང་ཕན་ནུས་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་རེད། ཏང་ཨུད(ཏང་ཙུའུ)ཀྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རིགས་ཁག་གི་ལྟ་སྐུལ་སྟོབས་ཤུགས་བསྡུ་སྒྲིལ་དང་། གོ་རིམ་མཐུན་པ། ལས་དོན་མཉམ་འདྲེས་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཆེད་འགན་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། ལྟ་སྐུལ་གྱི་སྟེགས་བུ་སྐྲུན་པ། ལྟ་སྐུལ་གྱི་དྲ་བ་ཚགས་ཚུད་པོ་བཟོ་བ། ཏང་ཨུད་ལ་གཞོགས་འདེགས་བྱས་ནས་ལྟ་སྐུལ་མ་ལག་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་ཀྱི་རལ་གྲི་རྣོན་པོར་བརྡར་ནས་འོད་སྔར་ལས་གསལ་དུ་གཏོང་བ་དང་རལ་གྲི་འཕྱར་ཕོད་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རལ་གྲི་རྣོན་པོ་འཕྱར་ནས་ཟིལ་གནོན་རྒྱུན་དུ་གནས་པར་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཤིན་ཏུ་ལྕི་པོ་ཡོད་པས། ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། དམག་འཐབ་དྲག་པོ་རྒྱག་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་འགག་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ཁྲོད་སྔ་བར་ཕྱི་གསུམ་དུ་གཡུལ་ས་མདུན་མར་བསྐྱོད་དགོས། ཏང་གཤིས་ལ་བརྟེན་ནས་མི་གཏོད་ལས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་བསམ་བློ་ཀུན་སྤྱོད་ལ་བཞུན་བརྡར་ཡག་པོ་བྱེད་དགོས་པ་དང་། ལྟེ་བར་གཞིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་ཡག་པོ་ཁུར་ནས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཁྲོད་སྲ་ཞིང་བརྟན་པའི་སྲུང་ར་གཏོད་དགོས།

ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། ནང་ཁུལ་དོ་དམ་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་འགུལ་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ། སྒྲིག་གཞིའི་ནང་གི་ངན་རུལ་པར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ནས་ནང་ཁུལ་དུ་ངན་རུལ་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། ཏང་ཡོངས་སུ་སྤེལ་གྲབས་ཡོད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་དྭངས་གཙང་དང་སྒྲིག་འཛུགས་དྭངས་གཙང་དེ་མངོན་གསལ་དོད་པའི་གནད་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་དུ་གཏོང་བ། ཚོགས་སྤྱིའི་ནང་གི་མི་ངན་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། ངར་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་བློ་དཀར་སེམས་དཀར་དང་དྭངས་གཙང་ལྷད་མེད། འགན་འཁུར་ཕོད་པ་བཅས་ཀྱི་ངར་ལྕགས་ལྟ་བུའི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྲུང་དམག་གསོ་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

ལི་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི་གསུང་བཤད་གལ་ཆེན་ནང་ཏང་ཆེན་མོར་དམིགས་བསལ་དུ་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་། མངོན་ཚུལ་གཙོ་བོ། སེལ་བའི་ཐབས་ལམ་བཅས་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བའི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཞིང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། རྒྱས་བཤད་གནད་ལ་འཁེལ་བ་བཅས་ཡིན་པས། ཆབ་སྲིད་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ཅིང་། དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་རྩ་བའི་མཛུབ་ཁྲིད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་བསྐྲུན་རྒྱུར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གཞན་དག ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་འདི་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་སྐྱོང་གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པར་ཡན་ལག་ཚོགས་ར་བཙུགས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཟླ1པོའི་ཚེས9ཉིན་པེ་ཅིང་དུ་འཚོགས་འགོ་ཚུགས་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། སྤྱི་ཚེས9ཉིན་གྱི་ཕྱི་དྲོ་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་བྱ་བའི་སྙན་ཞུ་ཕུལ་བ་རེད། 


མཉམ་སྤྱོད།