དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། (མུ་འགོད། 3)

2023-01-11 16:37:28   |   144

རྩོམ་སྒྲིག   སངས་དོན། 


ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

—— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ10ཚེས16ཉིན)

ཞི་ཅིན་ཕིང་།

2.jpg

བཞི་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་མི་ཐུབ་པས། ངེས་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་དགོས།

ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཐད་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་དམ་ཚགས་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་ཡིད་རྟོན་རང་བཞིན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་རེས་འཁོར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་པོར་འཛུགས་པ། བདག་རྐྱེན་ཆ་ཚང་བའི་ཐོན་སྐྱེད་འགྲོས་ཚད་ཇེ་མགྱོགས་སུ་གཏོང་གང་ཐུབ་བྱེད་པ། ཐོན་ལས་མུ་འབྲེལ་དང་འདོན་སྤྲོད་མུ་འབྲེལ་གྱི་ལྡེམ་ཤུགས་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་འགྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་པ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།

(གཅིག) ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱེད་དགོས། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་། རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་ཆེར་སྐྱེད་ལེགས་སྐྱེད་དྲག་སྐྱེད་བཅས་ཡོང་བར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཕྱི་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ་དང་། བདག་རྐྱེན་ཁྲོམ་ར་ཅན་དུ་འགྱུར་བའི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་། ཁྲོམ་རར་འཇུག་འཁྲོལ། དྲང་སྙོམས་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་མཐུན་འགྱུར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་དགོས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་དངུལ་འཇོག་གིས་འདོན་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་ཐོན་པའི་འགག་རྩའི་ནུས་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་སྔོན་རྩིས་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། དཔྱ་ཁྲལ་ལམ་ལུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དངུལ་རྩའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དེང་རབས་ཀྱི་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་པ། དེང་རབས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། དངུལ་རྩ་བརྟན་བརླིང་གི་འགན་སྲུང་མ་ལག་ལ་ཤུགས་སྣོན་པ། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་འཇུག་པ་བཅས་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་སྲུང་དགོས། མ་རྩའི་ཁྲོམ་རའི་བྱེད་ནུས་ཆ་ཚང་དུ་གཏོང་བ་དང་། ཐད་ཀར་དངུལ་བསྲེས་ཀྱི་ལྗིད་སྡུར་ཇེ་མཐོར་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་སྲུང་སྐྱོབ་དང་སྲིད་འཛིན་རང་བཞིན་གྱི་སྒེར་སྡེམ་བརྟོལ་ནས། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས།

(གཉིས) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་སྣོན་ས་དེ་དངོས་གཟུགས་དཔལ་འབྱོར་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན། དྲ་བའི་རྒྱལ་ཁབ་སྟོབས་ལྡན། གྲངས་འཛིན་གྱི་ཀྲུང་གོ་བཅས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཐོན་ལས་རྨང་གཞི་བསྐྱར་སྐྲུན་བཟོ་སྐྲུན་དང་ལག་རྩལ་སྒྲིག་ཆས་འགངས་ཆེན་འགག་སྒྲོལ་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་གྲས་བཅས་ཀྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། བཟོ་སྐྲུན་ལས་རིགས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་གཏོང་དགོས། དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྣེ་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་འཕེལ་རྒྱས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཆད་སྐྱོན་མགྱོགས་མྱུར་ངང་ཁ་གསབ་བྱས་ནས། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་འདོན་སྤྲོད་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་འདྲེས་དང་ཁྱུ་ཚོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩོལ་བྱུང་རིག་ནུས། སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། ལྗང་མདོག་ཁོར་སྲུང་སོགས་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པ་ཁག་ཅིག་འཛུགས་དགོས། སྤུས་ལེགས་ཤིང་ཕན་འབྲས་ཆེ་བའི་ཞབས་ཕྱིའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་པ་དང་། དེང་རབས་ཞབས་ཕྱིའི་ལས་རིགས་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཞིང་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཟོག་སྦྲེལ་དྲ་བ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཕན་འབྲས་ཆེ་ཞིང་ཤར་རྒྱུག་ཐུབ་པའི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་གཅོག་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་གཟུགས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་གྱི་ཐོན་ལས་ཁྱུ་ཚོགས་འཛུགས་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་དང་། གྲུབ་ཚུལ། བྱེད་ནུས། མ་ལག་ཕྱོགས་བསྡུས་བཅས་ཇེ་ལེགས་སུ་གཏོང་བ་དང་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས།

(གསུམ) ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར། ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་དེ་སྔར་བཞིན་ཞིང་སྡེ་རུ་ཡོད། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འཁོར་རྒྱུག་གེགས་མེད་ཡོང་བ་བྱེད་དགོས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་འཛུགས་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་དེ་ཏང་སྲིད་འདྲ་མཚུངས་ཡིན་པ་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་ཐིག་དམར་དམ་པོར་སྲུང་བ། གཏན་ཆགས་ཀྱི་གཞི་རྩའི་རྨོ་ཞིང་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་རྨོ་ཞིང་དུ་བསྐྲུན་པ། སོན་ལས་དར་སྤེལ་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ལས་ལ་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་འདེབས་མཁན་གྱི་ཡོང་འབབ་འགན་སྲུང་རྐྱེན་སྲོལ་དང་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་འགན་ལེན་ཏན་ཏིག་བྱེད་དགོས། ཟས་རིགས་ཆེན་པོའི་ལྟ་ཚུལ་ཆགས་པ་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་ནས་སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་དགོས། ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་བཀོད་པ་གཅིག་གྱུར་འཆར་འགོད་བྱས་ནས། གནས་འཕྲོད་ལས་འཚམ་དང་། འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་རྣམ་པ་གསར་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཞི་དང་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་གཞི་ཁྱོན་རན་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་ལྷག་པ་ཐོབ་པར་བྱེད་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་གྱི་ས་ཞིང་ཁེ་དབང་འགན་སྲུང་བྱས་ནས། བཅའ་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པར་བསྔགས་སྐུལ་བྱེད་དགོས། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཕྱིའི་མ་ལག་ཆ་ཚང་དུ་གཏོང་དགོས།

(བཞི) ས་ཁོངས་མཐུན་འགྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་འགྱུར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་འགངས་ཆེན། གཙོ་གཞི་བྱེད་ནུས་ཁུལ་གྱི་འཐབ་ཇུས། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་འགངས་ཆེན་གྱི་བཀོད་པ་ལེགས་སྒྱུར་བཏང་ནས། དགེ་མཚན་ཕན་ཚུན་ཁ་གསབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁོངས་བར་སྟོང་གི་མ་ལག་འཛུགས་དགོས། ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། བྱང་ཤར་ཁྱོན་ཡོངས་དར་སྤེལ་གཏོང་བར་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་དར་སྤེལ་མགྱོགས་པོ་ཡོང་བར་སྐུལ་སྤེལ་གཏོང་བ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་སྐུལ་འདེད་གང་མགྱོགས་གཏོང་བར་བསྔགས་སྐུལ་བཅས་བྱེད་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་དང་། མཐའ་མཚམས་བརྟན་བརླིང་དང་མཐའ་མཚམས་སྲ་བརྟན་ཡོང་བ་བྱེད་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་འགྱུར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་ཆ་ཚང་བར་འཛུགས་པ་དང་། རྒྱལ་ཁོངས་བར་སྟོང་གི་འཕེལ་རྒྱས་རྣམ་པ་ལེགས་སྒྱུར་བྱེད་དགོས།  མི་གཙོ་བོར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་ཇེ་མགྱོགས་སུ་བསྒྱུར་དགོས། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གཞི་རྟེན་དུ་བྱས་ཏེ་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་འགྱུར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གཏོད་པ་དང་། རྫོང་མཁར་གཞི་རྟེན་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཀྱིས་བསྒྱུར་བ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་འགུལ་སྤེལ་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གནས་འཕྲོད་ཅན་དང་། ལྡེམ་ཤུགས་ཅན། རིག་ནུས་ཅན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།

(ལྔ) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཚད་བརྒལ་གཞི་ཁྱོན་ཆེན་པོའི་ཁྲོམ་རའི་དགེ་མཚན་རྒྱབ་རྟེན་དུ་བྱས་ཤིང་། རྒྱལ་ནང་གི་རེས་འཁོར་ཆེན་པོར་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཐོན་ཁུངས་ཀྱི་བདག་རྐྱེན་འགུག་ཐབས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་ཀྱི་མཉམ་འགུལ་གྱི་ཕན་ནུས་ཆེ་རུ་བཏང་ནས། ཉོ་ཚོང་དངུལ་འཇོག་དང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། སྒྲིག་སྲོལ་དང་། ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། དངོས་ཟོག་ཉོ་ཚོང་ལེགས་སྒྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཕྱིའི་ཉོ་ཚོང་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་གསར་གཏོད་བྱེད་པ། གྲངས་འཛིན་ཉོ་ཚོང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་འཇུག་འཁྲོལ་གྱི་བཀག་རྒྱའི་གསལ་ཐོ་ལུགས་མཐུན་གྱིས་ཉུང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་དངུལ་འཇོག་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་དང་། ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་སྒོ་འབྱེད་སྣེ་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་བ། དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། ནུབ་རྒྱུད་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རིམ་སྤར་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཛམ་གླིང་ཡོངས་ལ་ཁ་ཕྱོགས་ཤིང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་སྐྱེད་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཡོངས་ཀྱི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་ཟབ་མོར་ཞུགས་པ་དང་། སྣ་མང་བརྟན་བརླིང་གི་རྒྱལ་སྤྱིའི་དཔལ་འབྱོར་གྱི་རྣམ་པ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྲུང་སྐྱོང་བྱེད་དགོས།

ལྔ་བ། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་སྐྲུན་དགོས།

ང་ཚོས་སློབ་གསོ་དམིགས་བསལ་གྱིས་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་བརྩོན་བྱེད་པ། ཤེས་ལྡན་མི་སྣས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་སྐྱེད་སྲིང་བྱེད་པ་དང་། མཁས་འཇོན་མི་སྣ་མང་པོ་བསྡུས་ནས་བསྐོ་སྤྱོད་བྱེད་དགོས།

(གཅིག) མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་དགོས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། མི་ཅི་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་མི་ཇི་ལྟར་གསོ་སྐྱོང་བྱ་རྒྱུ། ཅིའི་ཕྱིར་མི་གསོ་སྐྱོང་བྱ་རྒྱུ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན། མི་གསོ་སྐྱོང་བྱེད་པའི་རྩ་བ་ནི་ཀུན་སྤྱོད་བཟང་པོ་འཛུགས་རྒྱུ་དེ་ཡིན། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་ཅིང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། སྤུས་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ས་ཁོངས་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱེད་པ། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་ཅན་དུ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། སློབ་གཉེར་གྱི་དུས་རིམ་ཡོངས་སུ་ཁྱབ་པའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་འགྱུར་ངང་གསར་གཏོད་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། ཚན་ཞིབ་དང་སློབ་ཁྲིད་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ལས་རིགས་སློབ་གསོའི་རིགས་དབྱེའི་ངེས་གནས་ལེགས་སྒྱུར་བྱེད་དགོས། རྨང་གཞིའི་རིག་ཚན་དང་། གསར་དར་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲ་ཡིན་པའི་སློབ་ཆེན་དང་དགེ་མཚན་ཅན་གྱི་རིག་གཞུང་ཚན་ཁག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་དང་། སློབ་དེབ་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭ་དོ་དམ་དང་སློབ་གསོའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་གསུམ་གྱི་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་དགོས། སློབ་གསོ་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།

(གཉིས) ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་དགོས། གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གནས་བབ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ལམ་ལུགས་གསར་པ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་པ་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་ཆགས་པར་བྱེད་པ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་རྨང་གཞི་ནུས་པའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། ཚན་རྩལ་གདེང་འཇོག་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སྣ་མང་ཅན་གྱི་ཚན་རྩལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས། ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་དགོས། གསར་གཏོད་ཀྱི་རིག་གནས་སྐྱེད་སྲིང་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་སྲོལ་བཟང་པོ་གསོ་སྤེལ་བཅས་བྱས་ནས། གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་དགོས། རྒྱལ་སྤྱིའི་ཚན་རྩལ་གྱི་འབྲེལ་འདྲིས་དང་མཉམ་ལས་རྒྱ་སྐྱེད་པ་དང་། རྒྱལ་སྤྱི་ཅན་གྱི་ཚན་ཞིབ་ཁོར་ཡུག་སྐྲུན་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་ཡོངས་ལ་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་པར་བྱེད་དགོས།

(གསུམ) གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱེད་དགོས། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་འགངས་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་བརྩོན་མགྱོགས་མྱུར་ངང་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་སྟེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐོག་མའི་གསར་གཏོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་ལྡན་པའི་ཚན་རྩལ་འགག་སྒྲོལ་བྱེད་པ་དང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། སྔོན་ཚོད་རང་བཞིན་བཅས་ལྡན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་འགངས་ཆེན་ཁག་ཅིག་མགྱོགས་མྱུར་ངང་ལག་ལེན་དུ་བསྟར་ནས། རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཐོག་མའི་གསར་གཏོད་དམིགས་སུ་འཛིན་པ། རང་མོས་ཀྱིས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བཅས་བྱེད་དགོས། ཚན་རྩལ་ཐད་མ་དངུལ་འཇོག་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། ནོར་སྲིད་ཀྱིས་ཚན་རྩལ་ལ་གྲོན་དངུལ་བགོ་བཤའ་དང་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སྐྱེད་དང་སློབ་ཁྲིད། ཞིབ་འཇུག་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་པ་དང་། དམིགས་འབེན་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གོ་གནས་ཆེ་རུ་གཏོང་བ་དང་། ཚན་རྩལ་ཅན་གྱི་རྐང་འཛིན་ཁེ་ལས་ཀྱི་ཁྲིད་སྟོན་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་པ། གསར་གཏོད་ཀྱི་མུ་འབྲེལ་དང་། ཐོན་ལས་ཀྱི་མུ་འབྲེལ། མ་དངུལ་གྱི་མུ་འབྲེལ། ཤེས་ལྡན་མི་སྣའི་མུ་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(བཞི) ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་གྱི་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཡིན། འཇོན་ཐང་ཅན་ལས་བྱས་རྗེས་འབྱུང་། འཇོན་ཐང་ཅན་ལས་བྱ་གཞག་དར། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་བས་དགེ་མཚན་ལྡན་པ་དང་། སྔར་བས་སྒོ་འབྱེད། སྔར་བས་ཕན་ནུས་ལྡན་པ་བཅས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ནས། རྒྱ་ཆེའི་ཤེས་ལྡན་མི་སྣས་ཏང་ལ་དགའ་ཞེན་བྱེད་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། ལས་བཀུར་སྐྱེས་འབུལ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཤེས་ལྡན་མི་སྣའི་འཐབ་ཇུས་བཀོད་པ་འཐུས་ཚང་དུ་བཏང་སྟེ། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ལུགས་མཐུན། སྤུས་ཚད་ལེགས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་གི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལྟེ་གནས་དང་གསར་གཏོད་ཀྱི་བཙན་ས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཤེས་ལྡན་མི་སྣའི་ས་ཁོངས་བཀོད་སྒྲིག་ལུགས་མཐུན་དང་མཐུན་འགྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་གཤིབ་བསྡུར་མཐུན་རྐྱེན་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། མཁས་དབང་དང་། འཐབ་ཇུས་ཚན་རིག་པ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་རྩེ་གྲ་དང་གསར་གཏོད་ཚོགས་པ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ། ཕུལ་བྱུང་བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་བཅས་སྔར་ལས་མང་བ་འབད་པས་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་ལེགས་པར་བཀོལ་སྤྱོད་དང་སྤྱོད་གོ་ཆོད་པར་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཁ་ཞེ་གཉིས་མེད་ཀྱིས་ཤེས་ལྡན་མི་སྣར་དགའ་ཞེན་དང་། བློ་སེམས་རྩེ་གཅིག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་། སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་འགུག་པ། བློ་སེམས་ཞིབ་མོས་ཤེས་ལྡན་མི་སྣ་བཀོལ་སྤྱོད། ཤེས་ལྡན་མི་སྣའི་དགོས་མཁོ་སྐོམ་བའི་གདུང་བ་བཞིན་རེ་ལྟོས་བྱེད་པ། བཅིངས་བའི་འཆིང་རྒྱ་ལས་གྲོལ་བ་བཅས་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་གཅིག་བསྡུ་བྱེད་དགོས།

དྲུག་པ། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་བྱེད་དགོས།

རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་མགོ་ཁྲིད་བྱེད་ཅིང་། བཟོ་ཞིང་མནའ་འབྲེལ་རྨང་གཞིར་གྱུར་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཡིན། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན། དེ་ནི་ཆེས་རྒྱ་ཆེ་བ་དང་། ཆེས་བདེན་པ། ཆེས་སྤྱོད་གོ་ཆོད་པ་ཞིག་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་ཤིང་། ཏང་གིས་མགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ། མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་སྐྲུན་ནུས་པ་སྐུལ་སློང་བྱེད་དགོས།

ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པར་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་བསྐྱེད་པ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོ་འདེམས་བསྐོ་དང་། དམངས་གཙོ་གྲོས་མོལ། དམངས་གཙོ་ཇུས་གཅོད། དམངས་གཙོ་དོ་དམ། དམངས་གཙོ་ལྟ་སྐུལ་བཅས་བྱ་རྒྱུ་འགན་ལེན་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་བྱེད་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

(གཅིག) མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་དགོས། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོས་བདམས་ཐོན་བྱུང་ནས། མི་དམངས་ལ་འགན་འཁུར་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་འཛུགས་ཀྱི་དབང་ཆ་དང་། ལྟ་སྐུལ་གྱི་དབང་ཆ། ཐག་གཅོད་ཀྱི་དབང་ཆ། བསྐོ་འཐེན་གྱི་དབང་ཆ་བཅས་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་ཆ་ཚང་དུ་བཏང་ནས་རྒྱལ་ཁབ་ཁྲིམས་སྐྱོང་གི་གཅིག་གྱུར་དང་། ལ་རྒྱ། དབང་ཟིལ་བཅས་སྲུང་སྐྱོང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀ་སྒྲུབ་ནུས་འཛུགས་སྐྲུན་བྱ་རྒྱུར་ཤུགས་བསྣན་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་གཏུག་དམ་ཟབ་ཏུ་གཏོང་དགོས། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱ་རྒྱུའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་བཅོས་སྒྱུར་དང་འཛུགས་སྐྲུན་ཟབ་སྤེལ་བྱས་ནས་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(གཉིས) ཁྱོན་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་དགོས། གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན། གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་བཏང་ནས། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཅན་གྱི་གྲོས་མོལ་ལས་སྟེགས་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་སྤེལ་བྱ་རྒྱུ་ཕན་ཚུན་སྦྲེལ་བ་དང་། བློ་འདོན་སྲིད་འདྲི་དང་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས་ལ་ཕྱོགས་གཉིས་ཐད་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྐུལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་གཅིག་བསྡུ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

(གསུམ) གཞི་རིམ་དམངས་གཙོ་འཕེལ་རྒྱས་གང་ལེགས་གཏོང་དགོས། གཞི་རིམ་གྱི་དམངས་གཙོ་ནི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཐད་ཀར་དམངས་གཙོའི་ལམ་ལུགས་མ་ལག་དང་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་མང་ཚོགས་ཀྱིས་རང་ངོས་དོ་དམ་དང་། རང་ངོས་ཞབས་ཕྱི། རང་ངོས་སློབ་གསོ། རང་ངོས་ལྟ་སྐུལ་བཅས་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཚོགས་སྤྱི་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། མི་དམངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པ་དང་། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གཞི་རྩའི་རྣམ་པ་ཡིན་པའི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་བཏང་སྟེ། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

(བཞི) ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་ནི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཐབས་མཆོག་བླ་ན་མེད་པ་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བ་སྒྲུབ་སྟངས་འཐུས་ཚང་དུ་གཏོང་བ་དང་། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དམིགས་ནས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་པར་སྐུལ་སློང་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏོད། གཟི་ཁྲེལ་མཉམ་མྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣར་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཙོའི་ཏང་ཁག་གིས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་ནུས་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་བྱེད་ཅིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་པའི་སྟེང་བསྐྱོད་པ་དང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།  ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་བྱ་བ་ཡག་པོར་སྒྲུབ་པ། མཉམ་དུ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྱོན་ཡོངས་ནས་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་མཉམ་དུ་མི་རིགས་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

(འཕྲོ་མ་སྤེལ་ཐེངས་རྗེས་མར་གཟིགས)


མཉམ་སྤྱོད།