དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། (མུ་འགོད། 4)

2023-01-12 09:41:44   |   122

རྩོམ་སྒྲིག  སངས་དོན།


ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

—— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ10ཚེས16ཉིན)

ཞི་ཅིན་ཕིང་།

2.jpg

བདུན་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ཞིང་། ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་དང་ཡང་འབྲེལ་བ་ཡོད། ངེས་པར་ཁྲིམས་སྐྱོང་གི་གཞི་རྐང་སྲ་བརྟན་གཏོང་བ་དང་། སྔོན་ཚོད་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཏུ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་བར་དམིགས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ། ཁྲིམས་ལྟར་སྲིད་དབང་འཛིན་པ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

(གཅིག) རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་བྱེད་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་སྲིད་སྐྱོང་ལུགས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོར་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཁྲིམས་བཟང་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་སྐྱོང་མཁས་འགན་སྲུང་བྱེད་དགོས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་གཅིག་གྱུར་འཆར་འགོད་བྱས་ནས་ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། དུས་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་སྣོན་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོ་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཇུས་གཅོད་འགངས་ཆེན་ལས་རིམ་ལམ་ལུགས་དོན་འཁྱོལ་བྱེད་དགོས།

(གཉིས) ཁྲིམས་ལྟར་སྲིད་དབང་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གཙོ་བོ་དང་བཟོ་སྐྲུན་གཙོ་བོ་ཡིན། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྒྲིག་གཞི་དང་། འགན་ནུས། དབང་ཚད། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་གྱི་ལས་ཆོད་དང་སྤྱི་རྟོན་ནུས་པ་ཆེ་རུ་གཏོང་དགོས། དོན་ལས་སྡེ་ཚན་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་གཟབ་ནན་དང་། ཚད་ལྡན། དྲང་གཞག ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་ལས་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་གྱི་གཅོད་འཇལ་ཚད་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་རྐྱེན་སྲོལ་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། གཞི་རིམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

(གསུམ) ཁྲིམས་འཛིན་དྲང་གཞག་ནན་མོ་བྱེད་དགོས། ཁྲིམས་འཛིན་དྲང་གཞག་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན། ཁྲིམས་འཛིན་ལམ་ལུགས་ཕྱོགས་བསྡུས་ཆ་སྡེབ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡང་དག་བྱེད་པ་དང་། དྲང་གཞག་ཆོད་ཆེ་དབང་ཟིལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་པོར་འཛུགས་སྐྲུན་བྱས་ཏེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་དགོས། ཁྲིམས་འཛིན་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་དང་། ཕན་ཚུན་གཞོགས་འདེགས། ཕན་ཚུན་ཚོད་འཛིན་བཅས་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་བྱེད་སྒོར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དགོས། སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

(བཞི) ཁྲིམས་སྐྱོང་སྤྱི་ཚོགས་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་ཁྲིམས་ལུགས་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ལྷག་བསམ་དཀར་བའི་རྗེས་འཇུག་པ་དང་། རང་རྟོགས་ལྡན་པའི་བརྩི་སྲུང་བ། བློ་རྩ་བརྟན་པའི་སྲུང་སྐྱོབ་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དེང་རབས་སྤྱི་པའི་ཁྲིམས་ལུགས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་བཀུར་ཁྲིམས་སློབ་ཁྲིམས་བརྩི་ཁྲིམས་སྤྱོད་བཅས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཆེན་པོར་འགྱུར་བར་འབད་བརྩོན་བྱེད་དགོས།

བརྒྱད་པ། རིག་གནས་ཀྱི་རང་རྟོན་རང་བརྩོན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་སྐྲུན་དགོས།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན་བཅས་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་དང་། མི་རིགས་དང་ཚན་རིག་དང་མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས།

ང་ཚོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས། གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བཅས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། གསར་བརྗེའི་རིག་གནས་དར་སྤེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

(གཅིག) གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་རྒྱལ་ཁབ་ལ་བསམ་བློ་སྩོལ་བ་དང་མི་རིགས་ལ་སེམས་ཤུགས་སྐྱེད་པའི་ལས་དོན་ཞིག་ཡིན། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་མགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་དམ་པོ་བྱེད་པ་དང་། ཁྱོན་ཡོངས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་དུས་རབས་གསར་པར་སྐྱོད་པའི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་ཆེར་སྐྱེད་གཏོང་བ་བཅས་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ཀྱི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག གཏམ་བཤད་མ་ལག་བཅས་མགྱོགས་པོར་འཛུགས་སྐྲུན་བྱེད་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་ཆེར་སྐྱེད་གཏོང་དགོས། ཀུན་འདུས་སྨྱན་སྦྱོར་གྱི་སྒྲོག་སྤེལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་རྒྱུག་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་དགོས། དྲ་བ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དྲ་བའི་སྐྱེ་ཁམས་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།

(གཉིས) སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ནི་མི་སེམས་གོང་བུར་འགྲིལ་བ་དང་དམངས་ཤུགས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་ཁུངས་སུ་གྱུར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ཟབ་སྤེལ་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་འཁུར་ལེན་བྱེད་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་ལ་ལོ་རྒྱུས་རྟོགས་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཁྲིད་སྟོན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་མི་གཞི་གསོ་སྐྱོང་དང་། བསམ་བློ་དང་ཆབ་སྲིད་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་དང་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བཟང་རྒྱལ་སྐྱོང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་སྤེལ། རྒྱུན་ལྡན་འཚོ་བ་བཅས་ཀྱི་ནང་དུ་ཁྱབ་པར་བྱེད་དགོས།

(གསུམ) སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་བཟོ་སྐྲུན་ལག་བསྟར་དང་། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་ན་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་ལེགས་བཅོས་བྱེད་དགོས་ལ། སྤྱོད་པ་བཟང་པོ་ངེས་པ་དང་། སྤྱི་པའི་ཀུན་སྤྱོད་བརྩི་སྲུང། སྒེར་གྱི་སྤྱོད་ལམ་ནན་ཏན་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་དཔལ་ཡོན་བྱང་ཚད་མཐོ་རུ་གཏོང་དགོས། དཔལ་ཡོན་གསོ་སྐྱོང་དང་། དཔལ་ཡོན་ལག་ལེན། དཔལ་ཡོན་གསར་འཛུགས་བཅས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་གྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། བློས་གཏོང་བའི་སྙིང་སྟོབས། གསར་སྐྲུན་གྱི་སྙིང་སྟོབས། བརྩོན་སྲི་གྲོན་ཆུང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས། དང་བླངས་ཞབས་ཕྱིའི་ལམ་ལུགས་དང་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་རིག་གནས་དར་སྤེལ་གཏོང་བ་དང་། ཡིད་རྟོན་འཛུགས་སྐྲུན་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱིས་མཛད་རྗེས་ཅན་ལ་བསྩལ་བའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཀྱིས་བསམ་བློར་ཁྲིད་སྟོན་བྱེད་པའི་ནུས་པ་དང་། དཔེ་བཟང་ཅན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མིག་ལྟོས་ཡར་འགྲན་དང་། དཔའ་བོར་གོང་བཀུར། གདོང་ལེན་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

(བཞི) རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་འདོན་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རིག་གནས་དཔལ་འབྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་དམངས་ཕན་བཟོ་སྐྲུན་གསར་གཏོད་དང་ལག་བསྟར་བཅས་བྱེད་དགོས། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཐོན་ལས་ལས་གཞི་འགངས་ཆེན་གྱི་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱེད་དགོས། རིག་རྫས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ལོ་ཆུང་གཞོན་ནུའི་ལུས་རྩལ་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་གྱི་ལུས་རྩལ་ཁྱོན་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།

(ལྔ) ཀྲུང་ཧྭའི་དཔལ་ཡོན་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་ཉིང་བཅུད་ཞུན་བརྡར་དང་ངོམས་སྟོན། ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་མགྱོགས་པོར་འཛུགས་སྐྲུན། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བཅས་བྱས་ནས་བློས་འཁེལ་ལ་གཅེས་སུ་འོས་ཤིང་གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱོན་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གོ་གནས་ལ་འཚམ་མཐུན་ཡིན་པའི་རྒྱལ་སྤྱིའི་གཏམ་བཤད་དབང་ཆ་ཆགས་པར་བྱེད་དགོས། དཔལ་ཡོན་འབྲེལ་འདྲིས་དང་དཔེ་གཞིར་འཛིན་རེས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་འཛམ་གླིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།

དགུ་བ། དམངས་ཚིས་ཀྱི་བདེ་སྐྱིད་ཆེ་རུ་བཏང་སྟེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།

རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་བྱས་ནས་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན། རྒྱལ་སྲིད་སྐྱོང་བར་སྐྱོང་ལུགས་ཡོད་དེ། དམངས་ལ་ཕན་པ་དེ་གཞི་རྩ་ཡིན། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། ངེས་པར་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་འབད་འཐབ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ། མི་དམངས་ཀྱི་སེམས་ཁུར་ཆེས་བྱེད་ས་དང་། ཆེས་ཐད་ཀར། ཆེས་ཉེ་བར་མཁོ་བ་བཅས་ཀྱི་ཁེ་ཕན་གནད་དོན་དམ་པོར་བཟུང་ནས་གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ཀྱི་ཁྲོད་དང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་དམངས་ཚིས་ལ་ཕན་པ་དང་དམངས་སེམས་ལ་དྲོད་སྣང་སྦྱིན་པའི་བྱེད་ཐབས་སྔར་ལས་མང་པོ་སྤྱད་ནས། མི་དམངས་མང་ཚོགས་ཀྱི་བྲེལ་མྱུར་དང་། དཀའ་ཁག སྡུག་སྣང་། རེ་སྒུག་བཞིའི་གནད་དོན་ལ་ཤུགས་བསྣན་ནས་ཐག་གཅོད་ཡག་པོ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མཐོ་རུ་གཏོང་བ། དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

(གཅིག) བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བགོ་བཤའི་ལམ་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཡིན། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་འགྱུར་ཆ་སྡེབ་ཀྱི་ལམ་ལུགས་མ་ལག་འཛུགས་དགོས། རྒྱལ་དམངས་ཡོང་འབབ་བགོ་བཤའི་ཁྲོད་སྡོད་དམངས་ཡོང་འབབ་ཀྱི་ལྗིད་བསྡུར་ཧུར་ཐག་གིས་མཐོ་རུ་གཏོང་བ་དང་། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་ལྗིད་བསྡུར་མཐོ་རུ་གཏོང་དགོས། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་སྤེལ། ཡོང་འབབ་དམའ་མོ་ཅན་གྱི་ཡོང་འབབ་འཕར་སྣོན་གཏོང་བ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། བདག་རྐྱེན་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐབས་ལམ་སྣ་མང་ནས་ཡོང་འབབ་དམའ་འབྲིང་གི་མང་ཚོགས་ཀྱི་བདག་རྐྱེན་ཡོང་འབབ་མང་དུ་གཏོང་བ་དང་། ཐབས་ལམ་མང་པོ་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་བར་འཚོལ་ཞིབ་བྱེད་དགོས། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། བསྒྱུར་སྤོ་གཏོང་སྤྲོད་སོགས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་གསོག་འཇོག་གི་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ། ཁྲིམས་མཐུན་ཡོང་འབབ་སྲུང་སྐྱོབ་དང་། ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ་བཅས་བྱེད་དགོས། འདོད་མོས་ཡོད་པ་དང་ནུས་པ་ལྡན་པའི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

(གཉིས) ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། ལས་ཞུགས་ནི་ཆེས་གཞི་རྩར་གྱུར་པའི་དམངས་ཚིས་ཡིན། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། དཀའ་ངལ་ཡོད་པའི་མི་ཚོགས་ལ་ལས་ཞུགས་མཐའ་སྐྱོང་གི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་གྱུར་འཆར་འགོད་བྱས་ནས། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་འཁོར་སྐྱོད་ཡོང་བར་འགོག་རྐྱེན་བཟོ་བའི་ལམ་ལུགས་དང་སྲིད་ཇུས་ཀྱི་སྐྱོན་ཆ་སེལ་བ་དང་། ལས་ཞུགས་འདྲ་མཉམ་ལ་ཤུགས་རྐྱེན་ཐེབས་པའི་ལུགས་དང་མི་མཐུན་པའི་ཚོད་འཛིན་དང་ལས་ཞུགས་མཐོང་ཆུང་བྱེད་རིགས་མེད་པར་བཟོས་ཏེ། མི་ཚང་མར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་ཡོང་བའི་གོ་སྐབས་ལྡན་པར་བྱེད་དགོས། མི་ཚེ་ཧྲིལ་བོར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་གཏོང་དགོས། ངལ་རྩོལ་སྐོར་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཆ་ཚང་དང་། ངལ་རྩོལ་འབྲེལ་བའི་གྲོས་མོལ་དང་མཐུན་འགྱུར་གྱི་རྐྱེན་སྲོལ་འཐུས་ཚང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་བཅས་སུ་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། 

(གསུམ) སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ནི་མི་དམངས་ཚིས་བའི་བདེ་འཇགས་དྲ་བ་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་བརླིང་གཏོང་བའི་ཡོ་བྱེད་ལྟ་བུ་ཡིན། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། དྲང་སྙོམས་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་སྲུང་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་མང་བ་དང་འདེགས་རྟེན་མང་བའི་རྒན་གསོའི་འགན་སྲུང་མ་ལག་འཕེལ་རྒྱས་གཏོང་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་གཏོང་དགོས། སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། གཞི་རྩའི་རྒན་གསོའི་འགན་སྲུང་དང་། གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་དང་། ལས་ཤོར་འགན་སྲུང་། ལས་རྨས་འགན་སྲུང་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ནད་གཞི་ཆེ་གྲས་ཀྱི་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡུལ་གཞན་སྨན་བཅོས་ཀྱི་འགྲོ་སོང་རྩིས་རྒྱག་པ་དོན་འཁྱོལ། ཡུན་རིང་ནད་གཡོག་འགན་སྲུང་ལམ་ལུགས་འཛུགས་པ། ཚོང་ལས་སྨན་བཅོས་འགན་སྲུང་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་རིན་ཐང་སྲུང་འཛིན་དང་འཕར་སྣོན་ཡོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། རིགས་དང་རིམ་པ་བགར་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་བྱམས་སྐྱོང་གི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁང་པ་ནི་འདུག་སྡོད་དུ་སྤྱོད་པ་ལས་ཁེ་ལོག་ཁང་འཚོང་མི་བྱེད་པའི་གནས་ངེས་རྒྱུན་འཁྱོངས་བྱས་ཏེ། བརྩོད་གཞི་མང་པོས་འདོན་སྤྲོད་བྱེད་པ་དང་། ཐབས་ལམ་མང་པོས་འགན་སྲུང་བྱེད་པ། བོགས་ཉོ་མཉམ་སྦྲགས་བྱེད་པ་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་ངང་འཛུགས་དགོས།

(བཞི) བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་ལུས་ཁམས་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་དམིགས་བསལ་གྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་སུ་བཞག་སྟེ། མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇེ་ལེགས་སུ་གཏོང་བ་དང་། བུ་སྐྱེས་རྒྱབ་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། བུ་སྐྱེས་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏོད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ། རྒན་རྒོན་རྟེན་མེད་ཁེར་ལུས་ཀྱི་ཞབས་ཕྱི་ཇེ་ལེགས་སུ་གཏོང་བ། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཕྱི་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་བྱེད་དགོས། གསོ་རིག་སྨན་བཅོས་འཕྲོད་བསྟེན་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཤིང་། སྨན་བཅོས་འགན་སྲུང་དང་། སྨན་བཅོས། གསོ་རིག་སྨན་བཅོས་བཅས་མཐུན་འགྱུར་ངང་གོང་སྤེལ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལ་འདེད་གཏོང་དགོས་ཤིང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཅོང་ནད་ཚབས་ཆེན་ཐད་ཀྱི་བདེ་ཐང་དོ་དམ་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་ཟབ་སྤེལ་དང་། དམངས་གཉེར་སྨན་ཁང་གི་འཕེལ་རྒྱས་ཚད་ལྡན་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་དཔུང་སྡེ་སྟོབས་ཆེར་བཏང་ནས་བྱ་བའི་གཙོ་གནད་དེ་གྲོང་གསེབ་དང་སྡེ་ཁུལ་དུ་འཇོག་དགོས། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་དགོས། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། སྨན་བཅོས་དང་འགོག་འཛིན་མཐུན་འགྱུར་དང་། སྨན་བཅོས་དང་འགོག་འཛིན་མཉམ་འདྲེས་ཀྱི་རྐྱེན་སྲོལ་གསར་གཏོད་བྱེད་དགོས་ཤིང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་སྔ་ཙམ་ནས་ཤེས་རྟོགས་ཐུབ་པའི་ནུས་པ་ཆེ་རུ་གཏོང་བ། རིམས་ནད་ཚབས་ཆེན་འགོག་སྡོམ་དང་སྐྱོབ་བཅོས་མ་ལག་དང་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགོས་ནད་ཚབས་ཆེན་མཆེད་པར་བཀག་འགོག་ནུས་ལྡན་བྱེད་དགོས། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

བཅུ་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་དགོས།

རང་བྱུང་ཁམས་ཆེན་པོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འབྱུང་བའི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་ཤེས། རང་བྱུང་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ནི། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གི་བླང་བྱ་ཡིན་པས། ངེས་པར་ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་སྐྱེད་ཅིང་ལག་ལེན་དུ་བསྟར་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས།

ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། འབག་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ་བཅས་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། ཐཱན་གཅོག་དང་། འབག་སྐྱུང་། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

(གཅིག) འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་ཚུལ་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཡིན་པས། ཐོན་ལས་གྲུབ་ཚུལ་དང་། ནུས་ཁུངས་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ་སོགས་ལེགས་སྒྲིག་ལེགས་སྒྱུར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་དགོས་ཤིང་། ཐོན་ཁུངས་སྣ་ཚོགས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྙིགས་རོ་རེས་འཁོར་བེད་སྤྱོད་མ་ལག་གང་མགྱོགས་འཛུགས་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ཁུངས་ཁོར་ཡུག་གི་བདག་རྐྱེན་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་དང་ཐཱན་གཅོག་གི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(གཉིས) ཁོར་ཡུག་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གནད་འཕིགས་འབག་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་འབག་བཙོག་བཅོས་སྐྱོང་། ཁྲིམས་ལྟར་འབག་བཙོག་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་དང་གཏིང་ཟབ་ཀྱི་སྒོ་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས། འབག་བཙོག་དངོས་པོ་མཐུན་འགྱུར་ངང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། འབག་བཙོག་ཚབས་ཆེ་བའི་གནམ་གཤིས་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། གལ་ཆེའི་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། ས་རྒྱུའི་འབག་བཙོག་འབྱུང་རྩ་ནས་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབག་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་དགོས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ཁོར་ཡུག་གི་ཉེན་ཁ་འགོག་སྡོམ་ནན་མོ་བྱེད་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

(གསུམ) སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐིག་དམར། རང་བྱུང་སྲུང་སྐྱོབ་ཁུལ་སོགས་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་འགངས་ཆེན་ལག་བསྟར་གང་མགྱོགས་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་དགོས། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་གྱི་འགུལ་སྐྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། རྩྭ་ཐང་དང་། ནགས་ཚལ། ཆུ་བོ། མཚེའུ། བརླན་ས་བཅས་ཀྱི་རྒྱ་བསྡམས་ཏེ་སོར་ཆུད་ཡོང་བར་བྱེད་དགོས་ཤིང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་ཡག་པོ་སྡོམ་པ་དང་། རྨོ་ཞིང་འདེབས་འཇོག་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། ཕྱི་ཡོང་དངོས་རིགས་ཀྱི་གནོད་འཚེ་འགོག་བཅོས་བྱེད་དགོས།

(བཞི) ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་བརྟན་ཐོག་སྐུལ་འདེད་གང་ལེགས་གཏོང་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བ་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་ཤིང་སྔོན་འཛུགས་རྗེས་གཏོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་འགུལ་སྐྱོད་ལག་བསྟར་བྱེད་དགོས། ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་སྙོམ་སྒྲིག་འཐུས་ཚང་དུ་གཏོང་བ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན་བྱས་ཏེ། རིམ་བཞིན་ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད“ཚོད་འཛིན་གཉིས”ཀྱི་ཕྱོགས་སུ་སྒྱུར་དགོས། ནུས་ཁུངས་དྭངས་གཙང་དང་། ཐཱན་ཉུང་། ཆོད་ཆེ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། བཟོ་ལས་དང་། ཨར་ལས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དྭངས་གཙང་ཐཱན་ཉུང་ཅན་གྱི་རྣམ་པར་བསྒྱུར་བ་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དང་། རྡོ་སོལ་དྭངས་གཙང་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་གསོག་སྣོན་ཐོན་འཕར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་འཆར་འགོད། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་གློག་འཕེལ་རྒྱས་གང་ལེགས་གཏོང་བ། ནུས་ཁུངས་ཐོན་སྐྱེད་འདོན་སྤྲོད་གསོག་ཉར་ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཁུངས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐཱན་འབུད་དབང་གི་ཁྲོམ་རའི་ཉོ་ཚོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་མ་ལག་གི་ཐཱན་སྡུད་ནུས་པ་ཆེ་རུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་དགོས།

(འཕྲོ་མ་སྤེལ་ཐེངས་རྗེས་མར་གཟིགས)


མཉམ་སྤྱོད།