དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། (མུ་འགོད། 5)

2023-01-13 11:34:16   |   153

རྩོམ་སྒྲིག  སངས་དོན། 


ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

—— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ10ཚེས16ཉིན)

ཞི་ཅིན་ཕིང་།

2.jpg

བཅུ་གཅིག་པ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་ཡོང་བའི་གཞི་རྩ་ཡིན་པ་དང་། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

ང་ཚོས་མི་དམངས་ཀྱི་བདེ་འཇགས་སྤྱི་རྩ་དོན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་ཚན་རྩལ་རིག་གནས་སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་སྲུང་དུ་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་རྒྱབ་རྟེན་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱི་རོལ་གྱི་བདེ་འཇགས་དང་ནང་ཁུལ་གྱི་བདེ་འཇགས་དང་། རྒྱལ་ཁོངས་ཀྱི་བདེ་འཇགས་དང་རྒྱལ་དམངས་ཀྱི་བདེ་འཇགས། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་ཉིད་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་བཞེངས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ཁྲོད་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་སྐྲུན་པ་བཅས་ཀྱིས་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་དགོས།

(གཅིག) རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆོད་ཆེ་དབང་ཟིལ་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་མགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་འགྱུར་རྐྱེན་སྲོལ་ལ་ཤུགས་སྣོན་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་མ་ལག རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག་དང་ཆེད་དམིགས་མཐུན་འགྱུར་བཀོད་འདོམས་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་། རྨང་གཞིའི་སྒྲིག་བཀོད་འགངས་ཆེན། དངུལ་རྩ། དྲ་བ། གཞི་གྲངས། སྐྱེ་དངོས། ཐོན་ཁུངས། ཉིང་རྡུལ། མཁའ་དབྱིངས། རྒྱ་མཚོ་སོགས་ཀྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་ཇུས་ལ་ངོ་རྒོལ། “ལག་རིང་ཇུས་གཏོགས”ལ་ངོ་རྒོལ་བཅས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་སྟོབས་ཤུགས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། ཁོངས་ཡོངས་མཉམ་འགུལ་དང་ལངས་གཟུགས་ཆོད་ཆེ་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཛུགས་དགོས།

(གཉིས) རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་སྟེ་འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། ཐོན་ལས་མུ་འབྲེལ་དང་འདོན་སྤྲོད་མུ་འབྲེལ་གལ་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། རྒྱལ་ཕྱིའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་གཏོང་བ་དང་། མ་ལག་རང་བཞིན་གྱི་བདེ་འཇགས་ཉེན་ཁར་འགོག་ཟོན་ནན་མོ་བྱེད་དགོས་ཤིང་། དགྲར་འཛིན་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་། གཏོར་བཤིག་གཏོང་བ། རྩ་སློག་གཏོང་བ། ཁ་ཕྲལ་གཏོང་བ་བཅས་ཀྱི་བྱེད་སྒོར་རྡུང་རྡེག་ནན་མོ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོར་ཁྱོན་ཡོངས་ནས་ཤུགས་བསྣན་སྟེ། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པའི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དང་བྱང་ཚད་མཐོ་རུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།

(གསུམ) སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་འཛུགས་དགོས་ཤིང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་དོན་དག་མ་བྱུང་གོང་གི་སྔོན་འགོག་གི་རྣམ་པར་སྒྱུར་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཆེད་དོན་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། གནོད་འགོག་གནོང་སྐྱུང་གནོད་སེལ་བཅས་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཆེན་པོ་ཐག་གཅོད་དང་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ས་ཁོངས་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཉེན་ཟོན་སྔོན་བརྡ་དང་འགོག་སྡོམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

(བཞི) སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཆོད་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་གཞི་རིམ་དུ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གནས་བབ་གསར་པའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། མང་ཚོགས་ཀྱི་འདོད་དོན་བརྗོད་པ་དང་། ཁེ་ཕན་མཐུན་འགྱུར། ཁེ་དབང་འགན་སྲུང་བཅས་ཀྱི་ཐབས་ལམ་ཐོགས་མེད་བཟོ་བ་དང་ཚད་ལྡན་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཕྱི། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་དང་བྱུང་མ་ཐག་པའི་གནས་སྐབས་ནས་ཞི་འཇགས་སུ་གཏོང་དགོས། གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཡོངས་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། དམངས་འགོག་དམངས་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། བདེན་པའི་རྒྱབ་ལངས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་ཤིང་། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས།

བཅུ་གཉིས་པ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་སྐྲུན་དགོས།

དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱ་རྒྱུ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུ་ནི། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན་པས། ངེས་པར་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱེད་པ་རྒྱུན་འཁྱོངས། འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། དམག་དོན་གྱི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་དགོས།

ཁྱོན་ཡོངས་ནས་མི་དམངས་དམག་དཔུང་གི་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མེ་མདས་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པའི་འགན་ལེན་ཏན་ཏིག་བྱེད་དགོས། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ། “དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པ”ཞེས་པའི་སློབ་གསོའི་ལག་ལེན་གྱི་བྱེད་སྒོ་སྤེལ་དགོས། དམག་དོན་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཤིང་། འཐབ་འཛིང་གི་སྙིང་སྟོབས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་དམག་དཔུང་གི་ཏང་གི་རྩ་འཛུགས་མ་ལག་སྟོབས་ཆེར་གཏོང་བ་དང་། ཆབ་སྲིད་སྦྱོང་སྒྲིག་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། སྤྱོད་ཚུལ་ལེགས་བཅོས་དང་། སྒྲིག་ལམ་དག་ཐེར། རུལ་སུངས་ལ་རྒོལ་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།

དམག་སྦྱོང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་མི་དམངས་དམག་དཔུང་གི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དམག་འཁྲུག་གི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ་ཁོང་དུ་ཆུད་དགོས་ཤིང་། དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་བྱེད་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་གཏོང་དགོས། འཐབ་ཇུས་ཀྱི་ཟིལ་ཤུགས་ཆེ་བའི་སྟོབས་ཤུགས་མ་ལག་སྐྲུན་པ་དང་། ཁོངས་གསར་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་ཀྱི་ལྗིད་སྡུར་མཐོ་རུ་གཏོང་བ། མི་མེད་རིག་ནུས་ཀྱི་དམག་འཐབ་སྟོབས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་ཇེ་ལེགས་སུ་བཏང་སྟེ། མྱུལ་ཞིབ་ཉེན་ཟོན་སྔོན་བརྡ་དང་། མཉམ་འབྲེལ་རྡུང་རྡེག གཡུལ་སའི་འདེགས་སྐྱོར། ཕྱོགས་བསྡུས་འགན་སྲུང་བཅས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། མཉམ་འབྲེལ་སྦྱོང་བརྡར་དང་། འགྲན་རྒོལ་སྦྱོང་བརྡར། ཚན་རྩལ་དམག་སྦྱོང་བཅས་ཟབ་སྤེལ་བྱེད་དགོས། དམག་དོན་སྟོབས་ཤུགས་རྒྱུན་རྣམ་ཅན་དང་སྣ་མང་ཅན་དུ་སྤྱོད་པར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་དང་བབ་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ། བདེ་འཇགས་ཀྱི་རྣམ་པ་གཏོད་པ། ཉམས་ཉེན་དང་གདོང་ཐུག་བཀག་སྡོམ་ཚོད་འཛིན། ས་ཁུལ་ངེས་ཅན་གྱི་དམག་འཁྲུག་ལ་རྒྱལ་ཁ་ལོན་པ་བཅས་བྱེད་དགོས།

ཁྱོན་ཡོངས་ནས་དམག་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། དམག་དོན་སྟོབས་ཤུགས་ཀྱི་གྲུབ་ཚུལ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དམག་དོན་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་ལྡན་པར་ལེགས་སྒྱུར་བཅས་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་འགན་འགངས་ཆེན་འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་ཀྱི་བཟོ་སྐྲུན་འགངས་ཆེན་ལག་བསྟར། ཚན་རྩལ་དེ་འཐབ་འཛིང་གི་ནུས་ཤུགས་སུ་མགྱོགས་པོར་སྒྱུར་བ་བཅས་བྱེད་དགོས། དམག་དཔུང་སློབ་གླིང་དང་སློབ་གྲྭ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཤིང་། རྣམ་པ་གསར་པའི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་ཤུགས་ཆེར་འཛུགས་པ་དང་། དམག་དོན་གྱི་མི་ཤུགས་ཐོན་ཁུངས་དོ་དམ་གསར་གཏོད་བྱེད་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་རྐྱེན་སྲོལ་འཛུགས་སྐྲུན་དང་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་དོ་དམ་ལེགས་བཅོས་བྱས་ཏེ་དམག་དོན་མ་ལག་འཁོར་སྐྱོད་ཀྱི་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་བཀོལ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་འཐབ་ཇུས་འཆར་འགོད་གཅིག་འདོམས་དང་། སྲིད་ཇུས་དང་ལམ་ལུགས་སྦྲེལ་མཐུད། ཐོན་ཁུངས་བདག་རྐྱེན་མཉམ་སྤྱོད་བཅས་བྱེད་པར་ཤུགས་སྣོན་དགོས། རྒྱལ་སྲུང་ཚན་རྩལ་གྱི་བཟོ་ལས་མ་ལག་དང་བཀོད་པ་ལེགས་སྒྱུར་བྱེད་པ། རྒྱལ་སྲུང་ཚན་རྩལ་གྱི་བཟོ་ལས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་མཐའ་སྲུང་མཚོ་སྲུང་མཁའ་སྲུང་གསུམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དམག་མི་དང་དམག་མིའི་ནང་མིར་མཚན་སྙན་སྤྲད་ནས་སྐུལ་ལྕག་གཏོང་བ་དང་ཁེ་དབང་འགན་སྲུང་བྱེད་པར་ཤུགས་སྣོན་པ་དང་། ཁོལ་འཁྱུར་དམག་མིའི་ཞབས་ཕྱི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློ་གཏད་ཆོག་པའི་དཔའ་བོའི་དམག་དཔུང་ཡིན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་གདེང་ཚོད་དང་ནུས་པ་ལྡན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པའི་གདེང་ཚོད་དང་ནུས་པ་ལྡན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་མཛད་རྗེས་སྔར་ལས་ཆེ་བ་འཇོག་པའི་གདེང་ཚོད་དང་ནུས་པ་ལྡན།

བཅུ་གསུམ་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཡིན་པ་དང་། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཡིན་པས། ངེས་པར་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་། ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་ཤིང་། ཁྲིམས་ལྟར་ཤང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ། དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་དོན་འཁྱོལ་བཅས་བྱེད་དགོས། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། སྲིད་འཛིན་གྱིས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་མགོ་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་དང་། ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་ནུས་པ་དང་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛིན་ལམ་ལུགས་དང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། ཤང་ཀང་དང་ཨའོ་མོན་གྱི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་དུས་ཡུན་རིང་པོར་མི་འགྱུར་བ་སྲུང་འཛིན་བཅས་བྱས་ཏེ། ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས།

ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་ཚིས་ལེགས་བཅོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཏིང་རིམ་གྱི་འགལ་བ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱི་མཐུན་རྐྱེན་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་དང་མཁའ་འགྲུལ། གསར་གཏོད་ཚན་རྩལ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་ཤང་ཀང་དང་ཨའོ་མོན་གྱི་གོ་གནས་སྲ་བརྟན་དང་ཇེ་མཐོར་གཏོང་དགོས་ཤིང་། ཤང་ཀང་དང་ཨའོ་མོན་གཉིས་ཀྱིས་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་བར་སྔར་ལས་སྒོ་འབྱེད་དང་སྔར་ལས་དམ་ཟབ་ཀྱི་སྒོ་ནས་འགྲོ་འོང་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལྷག་པའི་སྒོ་ནས་འདྲེས་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ནུས་པ་སྔར་ལས་ལྷག་པ་འདོན་དགོས།

རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་གོང་འཕེལ་དང་རྒྱ་སྐྱེད་གཏོང་བ་དང་། ཀང་ཨའོ་སྤུན་ཟླའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་། ཤང་ཀང་དུ་ཟིང་ཆ་སློང་བ། ཨའོ་མོན་དུ་ཟིང་ཆ་སློང་བ་བཅས་ཀྱི་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཕྱིའི་སྟོབས་ཤུགས་ཀྱིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས།

ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི། ཏང་གི་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དགོས་ངེས་ཀྱི་བླང་བྱའང་ཡིན། དུས་རབས་གསར་པའི་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཏང་གི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་རྒྱུན་འཁྱོངས་དང་། མཚོ་མཚོ་ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆར་སྟངས་འཛིན་ནན་མོ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་རླབས་པོ་ཆེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

“ཞི་བདེ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ནི་མཚོ་ངོགས་གཉིས་གཅིག་གྱུར་ཡོང་བའི་བྱེད་སྟངས་ཡག་ཤོས་ཡིན་པས། མཚོ་ངོགས་གཉིས་ཀྱི་སྤུན་ཟླ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་ཆེ་ཤོས་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་བྱེད་པ་དང་། དེའི་རྨང་གཞིའི་ཐོག་ཏུ་ཐའེ་ཝན་གྱི་ཏང་ཁག་སོ་སོ་དང་། ལས་རིགས་སོ་སོ། རིམ་གྲས་སོ་སོ་བཅས་ཀྱི་མི་སྣའི་བར་མཚོ་ངོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཅིག་གྱུར་སྐོར་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མཉམ་དུ་མཚོ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་གོང་འཕེལ་ཡོང་བར་སྐུལ་འདེད་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན། ང་ཚོས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླའི་བར་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གླིང་ཕྲན་ནང་ཁུལ་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། མི་རིགས་ཀྱི་བདེན་དོན་ཆེན་པོ་བརྟན་སྲུང་། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་སྤེལ་གཡོ་མེད་བཅས་བྱ་རྒྱུ་ཡིན། རླབས་ཆེ་བའི་མེས་རྒྱལ་ནི་ནམ་ཡང་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ཡོད་ཚད་ཀྱི་རྒྱབ་རྟེན་བཙན་པོ་དེ་ཡིན།

མཚོ་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་གཅིག་འབྲེལ་དང་ཁྲག་རྒྱུན་གཅིག་འདྲེས་ཀྱི་ཁྱིམ་ཚང་གཅིག་གི་མི་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླའི་བར་བརྩི་འཇོག་དང་། གཅེས་སྐྱོང་། ཕན་འདོགས་པ་བཅས་བྱེད་ཀྱིན་ཡོད་ལ། མཚོ་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་འབྲེལ་འདྲིས་དང་མཉམ་ལས་ལ་སྐུལ་སྤེལ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། མཚོ་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མཚོ་ངོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། མཚོ་ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།

ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། ཀྲུང་གོ་བས་ཐག་གཅོད་དགོས། ང་ཚོས་ལྷག་བསམ་རྣམ་དག་དང་ནུས་ཤུགས་གང་ཡོད་བཏོན་ནས་ཞི་བདེ་གཅིག་གྱུར་ཡོང་བའི་མདུན་ལྗོངས་བརྩོན་ལེན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མོད། འོན་ཀྱང་དྲག་ཤུགས་མི་སྤྱོད་པའི་ཁས་ལེན་གཏན་ནས་མི་བྱེད་པར་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་སོར་འཇོག་བྱ་རྒྱུ་ཡིན། འདི་ནི་ཕྱིའི་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པ་དང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པ་ཆེས་ཉུང་ཤས་ཤིག་དང་དེ་དག་གི་ཁ་ཕྲལ་བྱེད་སྒོ་ལ་ཁ་གཏད་པ་ལས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་རྣམས་ལ་ཁ་གཏད་པ་གཏན་ནས་མིན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད་བཞིན་མཆིས། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་ངེས་པར་མངོན་འགྱུར་བྱེད་དགོས་ལ། མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན།

བཅུ་བཞི་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

མིག་སྔར། འཛམ་གླིང་གི་འགྱུར་བ་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་སྟེང་ནས་མངོན་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་འགོག་ཐབས་མེད་པས། མི་སེམས་འཁོར་ཕྱོགས་དང་དུས་ཀྱི་འཕེལ་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་མཇུག་མཐར་འོད་ཟེར་སྟོང་ལྡན་ཡིན་ངེས་པ་ཐག་གཅོད་བྱས་ཡོད། ཕྱོགས་གཞན་ཞིག་ནས་ཆེ་བས་ཆུང་བརྙས་དང་། གཡོ་ལེན་བཙན་འཕྲོག ཕན་སྟོངས་འགྲན་འཛུགས་སོགས་བཙན་དབང་དང་། བཙན་ཐབས། བཙན་བརྙས་སོགས་སྤྱོད་ངན་གྱི་གནོད་འཚེ་ཚབས་ཆེ་བ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་ཆེར་སོང་བས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་དང་འཕྲད་ཡོད། འཛམ་གླིང་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོར་སླེབས་ཡོད་པས། གར་འགྲོ་འདིར་འགྲོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གདམ་ག་ཅི་ལྟར་བྱེད་པར་རག་ལས་ཡོད།

ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དོན་དག་དེ་ཉིད་ཀྱི་བདེན་རྫུན་ལེགས་ཉེས་གཞིར་བཟུང་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་ཡང་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་ཁབ་གང་ཡིན་ཡང་ཆེ་ཆུང་དང་། བཙན་གཉོམ། དབུལ་ཕྱུག་ལ་མ་བལྟོས་པར་མཐའ་གཅིག་ཏུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་མོས་ངང་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་སྤྱི་ཚོགས་ལམ་ལུགས་ལ་བརྩི་འཇོག་བྱ་རྒྱུ་ཡིན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་འཇམ་འཐབ་ཀྱི་བསམ་གཞིགས་ལ་ངོ་རྒོལ་དང་།  རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། ཚད་གཞི་གཉིས་འཛིན་ལ་ངོ་རྒོལ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཆེར་སྐྱེད་བྱུང་བ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཚད་རིམ་གང་འདྲ་ཞིག་ཏུ་སླེབས་རུང་ཀྲུང་གོས་དུས་གཏན་དུ་བཙན་དབང་སྤྱོད་མི་སྲིད་ལ། དུས་གཏན་དུ་མངའ་ཁོངས་རྒྱ་སྐྱེད་གཏོང་མི་སྲིད།

ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་། སྒོ་འབྱེད། མཉམ་ལས་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་སྤུན་ཟླའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་ཁག་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་གཏོང་བར་ཤུགས་སྣོན་པ་བཅས་བྱ་རྒྱུ་ཡིན། རྒྱལ་ཁབ་ཆེ་ཁག་མཐུན་འགྱུར་དང་སྐུལ་རེས་བཟང་པོ་ཡོང་བར་སྐུལ་འདེད་བྱས་ཏེ། ཞི་བདེ་མཉམ་གནས་དང་། སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ། དོ་མཉམ་ངང་འཕེལ་རྒྱས་ཡོང་བ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གནས་སྟངས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཉེ་བ་དྲང་བ་ཕན་པ་བཟོད་པ་བཞི་ལྡན་དང་། ཁྱིམ་མཚེས་དང་འགྲོགས་བདེ་གཤིབ་བདེ་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་ཡིད་ཆེས་དང་ཁེ་ཕན་གཅིག་འདྲེས་ཟབ་སྤེལ་བྱ་རྒྱུ་ཡིན། རྣམ་དག་བདེན་པ་མཛའ་སེམས་ལྷག་བསམ་བཞི་ལྡན་གྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཟུང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རང་བཙན་རང་བདག་དང་། ཡོངས་སུ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ལ་འབྲེལ་འདྲིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དམག་དཔུང་། ས་གནས། དམངས་ཁྲོད་སོགས་ཕྱོགས་གང་ཅིའི་ཐད་ནས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པར་སྐུལ་འདེད་གང་ལེགས་གཏོང་རྒྱུ་ཡིན།

ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་འདོན་སྤྲོད་བྱེད་པ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་ཐོགས་པར་བྱ་རྒྱུ་ཡིན། ཀྲུང་གོས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་བར་དང་། ས་ཁོངས་བར། ཕྱོགས་མང་བར་བཅས་ཀྱི་མཉམ་ལས་ལ་སྐུལ་སྤེལ་བྱེད་པ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་མཉམ་དུ་སྐྲུན་པ་དང་། འཛམ་གླིང་ཡོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྐྱེད་སྲིང་བྱ་རྒྱུ་ཡིན། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། “བཙན་རྫོང་བརྩིགས་པ”དང་“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ། ཕྱོགས་གཅིག་བཀག་སྡོམ་དང་གནོན་ཤུགས་མཐིལ་སྤྲོད་ལ་ངོ་རྒོལ་བཅས་བྱ་རྒྱུ་ཡིན། ཀྲུང་གོར་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མཉམ་ལས་ལ་ཐོན་ཁུངས་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷོ་བྱང་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་བར་ཤུགས་འདོན་པ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་པོར་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་འདོད་བློ་ཡོད།

ཀྲུང་གོ་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་ཧུར་ཐག་ངང་ཞུགས་ཏེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལྟ་ཚུལ་ལག་བསྟར་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན། ཕྱོགས་གཅིག་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བྱེད་པ་དང་། དམིགས་བཙུགས་རྒྱལ་ཁབ་ལ་ཁ་གཏད་པའི་དཔུང་ཤོག་ཅན་དང་གཞན་འབུད་ཅན་གྱི་ཤོག་ཁག་ཆུང་ཆུང་འཛུགས་པར་ངོ་རྒོལ་བྱ་རྒྱུ་ཡིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གྱི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོར་སྐུལ་འདེད་གཏོང་བ་དང་། གསེར་གྱོམ་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་མཉམ་ལས་རྐྱེན་སྲོལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། འཛམ་གླིང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བརྗོད་དབང་ཆ་ཇེ་ཆེར་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་སྒྲིག་སྲོལ་གྱི་གཏན་འབེབས་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་འགུལ་སྐྱོད་ཁྲོད་ཧུར་ཐག་གིས་ཞུགས་ནས་འཛམ་གླིང་ཞི་བདེ་དང་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་རེད། ཆོས་ཀུན་མཉམ་དུ་སྐྱེ་བ་ཡང་ཕན་ཚུན་གནོད་བྱེད་གྲུབ་པ་མེད། ངོ་བོའི་གནས་ལུགས་མཉམ་གནས་ཀྱང་ཕན་ཚུན་འགལ་བར་འགྱུར་མི་སྲིད། རྒྱལ་ཁབ་སོ་སོའི་བདེན་དོན་ཆེན་པོའི་ལུགས་སྐྱོང་བ་དང་། འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་ཡོང་བར་བྱས་ན། ད་གཟོད་དར་རྒྱས་ཀྱི་ཡུན་བརྟན་པ་དང་། བདེ་འཇགས་ལ་འགན་སྲུང་བྱེད་ཐུབ། ཀྲུང་གོས་འཛམ་གླིང་ཡོངས་འཕེལ་རྒྱས་ཀྱི་གྲོས་མགོ་དང་འཛམ་གླིང་ཡོངས་བདེ་འཇགས་ཀྱི་གྲོས་མགོ་བཏོན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དོན་འཁྱོལ་གང་ཐུབ་བྱེད་འདོད་ཡོད། ཀྲུང་གོས་གླེང་མོལ་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་ཞི་བདེ་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ་ཡོངས་ཁྱབ་ཏུ་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་དར་རྒྱས་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། འབྲེལ་འདྲིས་དང་དཔེ་གཞིར་འཛིན་རེས་རྒྱུན་འཁྱོངས་བྱས་ཏེ་སྒོ་འབྱེད་ཁོང་ཡངས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ཏེ་དག་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ང་ཚོས་ལྷག་བསམ་རྣམ་དག་གིས་འབོད་སྐུལ་བྱ་རྒྱུ་ནི། འཛམ་གླིང་རྒྱལ་ཁབ་ཁག་གིས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། དཔལ་ཡོན་འབྲེལ་འདྲིས་ལ་བརྟེན་ནས་དཔལ་ཡོན་བར་གྱི་བར་སེལ་ལས་བརྒལ་བ་དང་། དཔལ་ཡོན་དཔེ་གཞི་འཛིན་རེས་ལ་བརྟེན་ནས་དཔལ་ཡོན་བར་གྱི་གདོང་ཐུག་ལས་བརྒལ་བ། དཔལ་ཡོན་མཉམ་གནས་ལ་བརྟེན་ནས་དཔལ་ཡོན་བར་གྱི་མཆོག་དམན་ལས་བརྒལ་བ་བཅས་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏོད་རྒྱུ་ཡིན།

ང་ཚོ་གནས་ས་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ལ་སྔར་ལས་དགའ་སྐྱིད་ལྡན་པའི་མ་འོངས་པ་སྐྲུན་འདོད་ཡོད།

(འཕྲོ་མ་སྤེལ་ཐེངས་རྗེས་མར་གཟིགས)


མཉམ་སྤྱོད།