དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྒྲིག་འགལ་ཟ་འཐུང་ནི་དོན་ཆུང་གཏན་ནས་མིན།

2025-06-19 14:35:15   |   129

རྩོམ་སྒྲིག ཀླུ་མཁར་རྒྱལ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། རིན་ཆེན་ཚེ་རིང་།


 སྒྲིག་འགལ་ཟ་འཐུང་ནི་དོན་ཆུང་གཏན་ནས་མིན། ཉེ་སྔོན། ཀྲུང་དབྱང་རིམ་པས་སློབ་སྦྱོང་སློབ་གསོའི་སྐབས་ཀྱི་སྒྲིག་འགལ་ཟ་འཐུང་གི་དཔེ་མཚོན་རང་བཞིན་གྱི་གནད་དོན་གཉིས་སྤྱི་བསྒྲགས་བྱས་པས། ཡང་བསྐྱར་སྤྱོད་ཚུལ་གྱི་གནད་དོན་འདི་མི་རྣམས་ཀྱི་མཐོང་ལམ་དུ་བསྟན། སྒྲིག་འགལ་ཟ་འཐུང་གི་གནད་དོན་ནི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་རང་བཞིན་གྱི་གནད་དོན་ཡིན་ཞིང་། མགོ་འབུར་མ་ཐག་ཏུ་གཅིག་བསྡུས་ཀྱིས་དག་ཐེར་གང་ནུས་བྱེད་སའི་གནད་འགག་ཡིན།

ལོ་འདི་འགར། ཏང་ཀྲུང་དབྱང་གིས་བཀའ་ཡང་ཡང་བཏང་ནས་སྒྲིག་འགལ་ཟ་འཐུང་གི་གནད་དོན་མཐའ་གཅིག་ཏུ་དག་ཐེར་བྱེད་པའི་བླང་བྱ་བཏོན་པས། “ལྕེ་རྩེ་ཡི་སྤྱོད་ངན”བཟང་ཕྱོགས་སུ་བསྒྱུར། མཚོ་སྔོན་གྱིས་སྔོན་ཆད་སྒྲིག་འགལ་ཟ་འཐུང་ལས་བྱུང་བའི་བསླབ་བྱ་མྱངས་ཡོད་དེ། 《ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་གི“གཏན་འགོག་བཅུ”》ལ་སོགས་པའི་བྱེད་ཐབས་སྤྱད་ནས་ཟ་འཐུང་གི་སྤྱོད་ངན་དག་ཐེར་ནན་མོ་བྱས་པས་གྲུབ་འབྲས་མངོན་གསལ་བླངས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་ཡོང་བ་དང་སྒྲིག་འགལ་གྱི་ཟ་འཐུང་དང་རིང་དུ་གྱེས་པར་དམར་ཐིག་བྲིས་ཤིང་མཐའ་ཐིག་བཏབ། འོན་ཀྱང་། ལས་བྱེད་པ་ལ་ལས་སྔར་བཞིན་སྟེས་དབང་གི་བསམ་བློ་བཅངས་ནས་ཤེས་བཞིན་དུ་སྒྲིག་འགལ་བྱེད། ས་ཁུལ་ག་གེ་མོའི་ལས་བྱེད་པ་ཞིག་གིས་གོ་གནས་འཕར་མ་ཐག“རིམ་འཕར་གསོལ་སྟོན”རྩ་འཛུགས་བྱས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཅིག་གིས་སྒེར་གཉེར་ཁེ་ལས་པར་ལས་གཞི་འགན་ལེན་དུ་འཇུག་ཆེད་བར་དུ་མཚམས་སྦྱར་ཏེ་ལྷན་དུ་ཟ་མ་ཟོས། “ཟ་འཐུང་བྱས་པ་ཙམ་གྱིས་ཅི་ཡང་མི་བྱེད”སྙམ་སྟེ། མ་བགྲོས་རང་མཐུན་གྱིས“ཟ་འཐུང་བྱེད་པ”ནས་མགོ་བརྩམས་ཏེ་ཕྱིར་ལྡོག་མེད་པའི་ལམ་དུ་ཞུགས།

“ཟ་མ”ནི་སྒྲིག་འགལ་གྱི་ཕྱི་ཚུལ་ཙམ་ཡིན་ཞིང་། “མཉམ་འཛོམས”ནི་གནད་དོན་གྱི་གནད་འགག་ཡིན། ཆང་ཕོར་ཡར་བཀྱགས་པ་དང་མཉམ་དུ་རྩ་དོན་ལྷོད་པར་གྱུར་ཅིང་། ཟས་ཅོག་གི་མཐའ་རུ་ཙོག་པ་དང་མཉམ་དུ་འགོག་སྲུང་འཛིང་རགས་བརྟོལ། — སྒྲིག་འགལ་ཟ་འཐུང་ནི་ནམ་ཡང་ཁ་དང་ལྟོ་བའི་དོན་ཆུང་ཞིག་མིན་པར། དེ་ནི་ངོ་བོ་འགྱུར་བའི“འཐུས་ཤོར་དང་པོ”ཡིན། གྱོད་གཞི་མང་པོ་ལས་ཤེས་པ་ལྟར་ན། ཏང་ཡོན་ལས་བྱེད་པས་ཟས་ཐུན་གཅིག་དང་ཆང་དམ་བུ་གང་བླངས་པ་ནས་རིམ་བཞིན་རྩ་དོན་བོར་ཏེ་རྒྱུ་དབང་བརྗེ་རེས་བྱེད་པའི་འདམ་དུ་ཟུག་ཅིང་། མཇུག་མཐར“བཙོན་མར”གྱུར་པ་རེད། སྤྱོད་ཚུལ་དང་རུལ་སུངས་ནི་འབྱུང་ཁུངས་གཅིག་ཡིན་ཞིང་། གལ་ཏེ་ཁ་ལ་བདག་བྱེད་མི་ཐུབ་ཅིང་སྤྱོད་གཙང་གི“སྒྲོག་གུ་དང་པོ”དེ་དམ་པོར་རྒྱག་མ་ཐུབ་ཚེ། “ཆུ་དྲོད་འཇམ་གྱིས་སྦལ་བ་འཚོད་པ”ལྟ་བུའི་རུལ་སུངས་ཁྲོད་ནས་གཡང་དུ་ལྷུང་ངེས།

ཆང་ཕོར་གང་དང་ཟས་ཐུན་གཅིག་ནི་བལྟས་ན་རྒྱུན་ལྡན་ལྟར་སྣང་ཡང་ཧམ་སེམས་ནི་དེའི་ཁྲོད་དུ་ཁུ་སིམ་མེར་སྐྱེད་བཞིན་ཡོད། “གཞུང་འཕྲིན་ཟ་བ་དང་། ཟ་ཁང་གི་ཟ་མ་ཟ་བ། སྦྱིན་བདག་གི་ཟ་མ་ཟ་བ། འོག་རིམ་གྱི་ཟ་མ་ཟ་བ། ལྐོག་ནས་འཛོམས་ཏེ་ཟ་མ་ཟ་བ”སོགས་ཀྱི་སྣང་ཚུལ་གྱི་ངོ་བོ་ནི་དབང་ཆ་དང་ཁེ་ཕན་གྱི་བརྗེ་རེས་འབའ་ཞིག་ཡིན། “དོན་ཆུང་ལ་གནོད་པ་མེད་པར་སྨྲ་བ”དང“འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་སྨྲ་བ”“ལས་རིགས་དམིགས་བསལ་སྨྲ་བ”སོགས་ཀྱི་བཤད་ཚུལ་ནི་ཏང་གཤིས་འབོར་བར་བྱེད་པའི་སྦྲིད་སྨན་དུ་གྱུར། ལོ་འདི་འགར། སྒྲིག་འགལ་ཟ་འཐུང་གནད་དོན་ནི་མངོན་ཕྱོགས་ནས་ལྐོག་གྱུར་དུ་འགྱུར་བཞིན་ཡོད། གསོལ་ཁང་ཆེན་པོ་ནས་ནང་ཁུལ་གྱི་ཟ་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་། སྒེར་གྱི་འདུ་གནས་བཅས་སུ་སྤར། “ས་སྟེང”ནས“ས་འོག”ཏུ་སྤར་བས། ལྐོག་གྱུར་དུ་འགྱུར་བའི་རྣམ་པ་གསར་པ་མངོན། ཏང་ཡོན་ལས་བྱེད་པ་བསླུ་བྲིད་དང་རིང་དུ་གྱེས་དགོས། “སྨྲ་བ་གསུམ་གྱི་གོལ་ས”མེད་པར་བཟོ་བ། “ཟ་བ་བཞི་དང་འཛོམས་པ་གཅིག”ལྐོག་ཏུ་ཡིབ་པར་དོགས་ཟོན་བྱེད་པ། “གསོལ་སྟོན་བརྒྱད”ལ་འགྲོ་མི་རུང་ཞིང“གསོལ་སྟོན་བཅུ་གཉིས”བཤམ་མི་རུང་བ་ཡིད་ལ་དམ་པོར་འཛིན་དགོས།

“རྒྱས་སྤྲོས་ཀྱི་མགོ་བརྩམས་པ་ནི་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཡིན།” སྒྲིག་འགལ་ཟ་འཐུང་གཏན་འགོག་བྱེད་པ་ནི་དོན་ཆུང་ཆེ་བསྒྲགས་བྱེད་པ་གཏན་ནས་མིན་ཏེ། ཆང་ཕོར་ཆུང་རུང་། གསོལ་སྟོན་མི་ཆེ་རུང་། བརླག་པ་ནི་སྤྱི་པའི་ནོར་སྲིད་ཡིན་ཞིང་། བསླད་པ་ནི་སྲིད་སྐྱོང་བའི་སྤྱི་པའི་ཡིད་རྟོན་ནུས་པ་ཡིན། ཕྲལ་བ་ནི་ཏང་སེམས་དང་དམངས་སེམས་ཡིན། སྤྱོད་ཚུལ་འཛུགས་སྐྲུན་ནི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཁྲུག་ཅིག་ཡིན་ལ། སྒྲིག་འགལ་གྱི་ཟ་འཐུང་དག་ཐེར་བྱེད་པ་ནི་སྤྱོད་ཚུལ་འཛུགས་སྐྲུན་གྱི་གནད་འགག་གི་རིམ་པ་ཞིག་ཡིན་པའི་ཆ་ནས་ལྷག་པར་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། ཁེར་འདུག་བྱེད་དུས་རང་གཅུན་དང་ཉེན་ཁ་ཆུང་ས་ནས་དོགས་ཟོན་བྱས་ན་ད་གཟོད་སེམས་བདེ་བ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྱོད་གཞི་དཔེར་བཟུང་སྟེ་རང་གི་སྤྱོད་ཚུལ་ནན་མོར་འཛིན་དགོས། འདུ་ཤེས་ཀྱི་སྟེང་ནས་བློ་རིག་གསལ་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་སྐུད་པ་དམ་པོར་བཅིང་དགོས་ལ། ཆང་ཕོར་གཏུག་རེས་བྱེད་དུས་བློ་རིག་གསལ་པོ་བྱེད་པ། ཕར་འགྲོ་ཚུར་འོང་གི་འབྲེལ་འདྲིས་ཁྲོད་མ་མཐའི་རྩ་དོན་སྲུང་སྟེ། དངོས་གནས་སེམས་སུ་སྐྲག་ས་དང་སྤྱོད་པར་ཚོད་འཛིན་ཡོད་པར་བྱས་ནས་དུས་ཚོད་དང་སྟོབས་ཤུགས་མང་པོ་བྱ་བ་བསྒྲུབ་ཐུབ་པ་དང་བསྒྲུབས་ནས་འགྲུབ་ཏུ་འཇུག་པ། དོན་དག་མི་འབྱུང་བ་བཅས་ཀྱི་སྟེང་དུ་བཀོལ་དགོས། །


མཉམ་སྤྱོད།