དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་བཅས་ཀྱིས་གློག་འཕྲིན་བཏང་ནས་བློ་མཐུན་སངས་རྒྱས་སྐུ་གཤེགས་པར་མྱ་ངན་ཞུས།

2023-03-05 10:18:45   |   137

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། རིན་ཆེན་ཚེ་རིང་།


      མིང་དུ་གྲགས་པའི་སློབ་གསོ་པའམ་བོད་རིག་པའི་མཁས་དབང་།ལོ་ཙཱ་པ་བློ་མཐུན་སངས་རྒྱས་ནད་གཞིའི་དབང་གིས་སྨན་བཅོས་བྱས་ཀྱང་མ་ཕན་པར།2023ལོའི་ཟླ2པའི་ཚེས26ཉིན་སྐུ་གཤེགས་པ་དང་། དགུང་ལོ71ཡིན། ཟླ3པའི་ཚེས3ཉིན་གྱི་ཞོགས་པར་ཡུལ་དེའི་གོམས་སྲོལ་ལྟར་པུར་འཇུག་བྱས་ཤིང་།བློ་མཐུན་སངས་རྒྱས་ཀྱི་ཁྱིམ་མི་དང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ། ལས་གྲོགས་དང་སློབ་མ་རྣམས་དུར་སྐྱེལ་ཞལ་གྱེས་མཛད་སྒོར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་བཅས་ཀྱིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་ཆེད་དུ་མི་མངགས་ནས་མྱ་ངན་ཞུ་ཚིག་བསྒྲོན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཝུའུ་ཏེ་ཅུན་གཉིས་ཀྱིས་འཚམས་འདྲི་གནང་།

1.jpg

       མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། བློ་མཐུན་སངས་རྒྱས་ནི་དད་སེམས་བརྟན་ཞིང་ཏང་དང་མི་དམངས་ལ་བློ་སེམས་དཀར། ཁོང་གི་སྐུ་ཚེ་གང་བོ་ཏང་གི་རིག་གནས་བྱ་གཞག་དང་མི་རིགས་སློབ་གསོའི་བྱ་གཞག་ལ་བསྟིམས་པས། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་།  ཁོང་ནི་­ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མཁན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་དུ་སྐུལ་མཁན་ཞིག་ཡིན། བློ་མཐུན་སངས་རྒྱས་ཀྱིས་རང་འགན་ལྷུར་ལེན་དང་གཟབ་ནན་ཞིབ་ཚགས་ཀྱིས་རིག་གཞུང་ཞིབ་འཇུག་མཛད་ལ།  ཁོང་གིས《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་རྒྱ་བོད་ཤན་སྦྱར་རྩོམ་སྒྱུར་སོགས་ལས་གཞི་གལ་ཆེན་ལ་སྣེ་དྲངས་ཏེ་ལག་ལེན་བསྟར་ཞིང་། རྒྱ་བོད་ལོ་ཙཱ་དང་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་ལྷག་བསམ་རྣམ་དག་གིས་ཞུགས་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒུལ་ཤུགས་ཆེན་པོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོད་པའི་བློ་དཀར་སེམས་དཀར་གྱི་ལག་ལེན་པ་ཡིན་ལ།  དེའི་ཕྱོགས་ལ་བྱས་རྗེས་ཀྱང་མི་དམན་པ་བཞག་ཡོད། ཁོང་ཉིད་སྐུ་གཤེགས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སློབ་གསོའི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གྱོང་གུན་ཆེན་པོ་ཞིག་རེད།ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་བསྟན་དོན། སྐུ་ཞབས་སངས་རྒྱས་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་བོད་རིག་པའི་མཁས་དབང་དང་བསླབ་པ་ཟབ་པའི་ལོ་ཙཱ་པ་ཡིན། ཁོང་གིས་སྔ་རྗེས་སུ་གསུང་རྩོམ་དང་ཆུ་ཚད་མཐོ་བའི་རིག་གཞུང་དཔྱད་རྩོམ་མང་པོ་པར་སྐྲུན་གནང་ཞིང་། བོད་ཡིག་གི་ཚིག་མཛོད་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུགརྒྱ་བོད་ལོ་ཙཱའི་བྱ་གཞག་བཅས་ལ་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། སྐུ་ཞབས་ཁོང་གིས་རང་འགན་དང་དུ་བླངས་ཤིང་གཟབ་ནན་ཞིབ་ཚགས་ཀྱིས་རིག་གཞུང་ཞིབ་འཇུག་མཛད་ལ། ཚེ་གང་བོར་གྲགས་སྐམ་རིང་དུ་དོར་ཏེ་བོད་རིག་པ་དང་མི་རིགས་སློབ་གསོའི་བྱ་གཞག་ལ་འབད་འབུངས་ལྷུར་ལེན་གནང་བ་ནི་ཀུན་གྱི་མིག་དཔེར་རྩི་བཞིན་ཡོད། སྐུ་ཞབས་སངས་རྒྱས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དང་སློབ་སྲོལ་བཟང་པོ་ནི་ང་ཚོས་ནམ་ཡང་སློབ་སྦྱོང་དང་རྗེས་དྲན་བྱེད་འོས་པ་ཞིག་རེད།2.jpg        

         བློ་མཐུན་སངས་རྒྱས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་དང་། རྒྱལ་ཡོངས་ལོ་ཙཱའི་ལས་རིགས་ཀྱི“བསླབ་པ་ཟབ་པའི་ལོ་ཙཱ་པ”ཞེས་པའི་མཚན་སྙན་ཐོབ་མཁན།  མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་གླིང་གཙོ་ཟུར་པའམ་དགེ་རྒན་ཆེན་མོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་­ཡིན། ཁོང་གིས་སྐུ་ཚེ་གང་བོར་མི་རིགས་སློབ་གསོའི་བྱ་གཞག་ལ་དགའ་ཞེན་གནང་བ་དང་།རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་དང་ཤེས་ལྡན་པ་གསོ་སྐྱོང་། རྒྱ་བོད་རིག་གནས་སྤེལ་རེས།མི་རིགས་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་­བཞག་ཡོད། ཁོང་གིས་བོད་རྒྱ་རིག་ཚན་གསར་པའི་བརྡ་ཆད་གཏན་འབེབས་ཀྱི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཏེ།རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ཀྱི་ཆེད་ལས་ཐ་སྙད་ཁྲི80ལྷག་ཙམ་ལོ་ཙཱ་གཏན་འབེབས་གནང་ཞིང་།《དེང་རབས་རྒྱ་ཡིག་ཚིག་མཛོད》(པར་གཞི་དྲུག་པ)ཀྱི་བོད་རྒྱ་སྐད་གཉིས་ལོ་ཙཱའི་བཟོ་འགོད་སོགས་ལས་གཞི་གལ་ཆེན་གྱི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཏེ་ལག་བསྟར་གནང་ཞིང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ཅན་དུ་གཏོང་བ་དང་།མི་རིགས་ཁག་གི་རིག་གནས་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་བཅས་ལའང་སྐུ་ཚེ་མཐའ་མ་ཟིན་བར་དུ་མཛད་འཕྲིན་བསྐྱངས་ཡོད།།


མཉམ་སྤྱོད།