དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོང་ཚོ་ནི“ཆེས་མཛེས་པའི་མདོ་ལའི་མི”རེད།

2023-03-11 11:02:40   |   775

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


    1.jpg

   ཟླ3ཚེས9ཉིན་གྱི་དགོང་མོར“ཀུན་སྤྱོད་སྟོབས་ཤུགས། སྔ་རྒྱུན་ཕྱི་འཛིན”ཞེས་པའི་མདོ་ལ་རྫོང་གི་ཆེས་མཛེས་པའི་མདོ་ལའི་མི་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་མདོ་ལའི་ཟློས་གར་ཁང་དུ་འཚོགས། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་མདོ་ལ་རྫོང་གིས་ན་ནིང་ནས་བཟུང་རྫོང་ཡོངས་ཀྱི་ལས་རིགས་ཁག་ཏུ་ཐོན་པའི་ཀུན་སྤྱོད་དཔེ་ལེགས་མི་སྣ12ལ་གཟེངས་བསྟོད་བྱས། ཐེངས་འདིར་གཟེངས་བསྟོད་བྱས་པའི“ཆེས་མཛེས་པའི་མདོ་ལའི་མི”དེ་གཞན་ཕན་སྒྲུབ་པར་དགའ་བ་དང་། དྲང་བདེན་སྐྱོང་བར་དཔའ་བ། གཞུང་དྲང་ཡིད་རྟོན། ལས་བཀུར་སྐྱེས་འབུལ། རྒན་བཀུར་གཉེན་བྱམས། མི་རིགས་མཐུན་སྒྲིལ་བཅས་རིགས་དྲུག་ལ་དབྱེ་ཡོད། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དངོས་བྲིས་བརྙན་ཐུང་དང་། གཏམ་རྒྱུད་བརྗོད་པ། ཡུལ་དངོས་བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དུས་རབས་གསར་བའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་ཕུལ་བྱུང་ཉམས་འགྱུར་མངོན་པ་དང་། མདོ་ལའི་མང་ཚོགས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

   བྱ་དགའ་སྤྲོད་པའི་མཛད་སྒོ་དེ《བཙུན་མོའི་བུ་ཚ་བཟང་བོ》ཞེས་པའི་ཞབས་བྲོའི་ཁྲོད་མགོ་ཚུགས། དེ་རྗེས“ཆེས་མཛེས་པའི་མདོ་ལའི་མིའི”མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་འགོ་བརྩམས། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་དང་། མིག་ཆུ་ཤོར་བའི་སྐད་ཅིག་མ་རེ་རེས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་མི་འཆད་པར་གྲགས་སུ་བཅུག “ཆེས་མཛེས་པའི་མདོ་ལའི་མིའི”ཁྲོད་དུ་ལོ་བཅུ་ཕྲག་རིང་ལ་ཉིན་ཞགས་ཕྲུགས་གཅིག་ལྟར་ཐོག་མཐའ་བར་གསུམ་དུ་གཞན་ཕན་གྱི་བྱ་བ་མཐའ་འཁྱོངས་དང་ཉམས་ཞན་དབུལ་སྐྱོར་གནང་མཁན་དབྱང་ཧྲེང་ཧའེ་དང་། སྤྱི་ཕན་གྱི་བྱ་གཞག་ལ་སེམས་རྩ་འཁོལ་བ་དང་། སོ་སོའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་འཚོར་གཅེས་སྐྱོང་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་དམངས་གཉེར་ཁེ་ལས་པ་མཱ་ཀུའེ་ལུང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་བརྩི་སྲུང་དང་། བརྩེ་སེམས་ཆེན་པོ་གཞན་དོན་དུ་འཁྱེར་བའི་ཡིད་རྟོན་གཉེར་སྐྱོང་དང་ཁྲིམས་ལྟར་ཁྲལ་འཇལ་བྱེད་མཁན་སྒེར་གཉེར་ཁེ་ལས་པ་མཱ་ཀྲན་ལེའང་། ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་གཞིས་ཆེན་པོའི་ཕྱིར་དུ་རིམས་ནད་ཀྱི་མདུན་ས་བརྟན་སྲུང་བྱེད་མཁན་གཡང་མོ་འཚོ་སོགས་ཡོད་ལ། ཀུན་སྤྱོད་དཔེ་ལེགས་ཅན་འདི་དག་གིས་སྤྱིར་བཏང་གི་ལས་གནས་དང་འཚོ་བའི་ཁྲོད་ཁུ་སིམ་པོར་བྱས་རྗེས་ཕུལ་ཡོད། ཁོང་ཚོ་ནི་ང་ཚོའི་ཉེ་གམ་ནས་འོངས་པ་དང་། ང་ཚོའི་ཕུ་ནུ་མིང་སྲིང་དང་། ཁྱིམ་མཚེས། ལས་གྲོགས་བཅས་དང་འདྲ་བར། ཁོང་ཚོས་སྤྱིར་བཏང་གི་ཁྲོད་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ཀུན་སྤྱོད་གཤིས་རྒྱུད་མངོན་པར་བྱས་ཡོད་ལ། མི་རེ་རེ་དང་། དོན་དག་རེ་རེས་ང་ཚོར་སེམས་འགུལ་ཐེབས་པར་བྱེད།

   ད་ལོར། མདོ་ལ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་ནན་ཏན་བྱས་ཏེ“སྟངས་འཛིན་ནན་པོ་ལྔ”སྒྲུབ་པ་དང“ངེས་པར་དུ་བྱ་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་པ། “སྐར་མ་རིམ་པའི་དཔལ་ཡོན་དུད་ཚང”དང“ཆེས་མཛེས་པའི་མདོ་ལའི་མི” “ཁྱིམ་སྲོལ་བཟང་པོ་དང་ཁྱིམ་ཚང་སློབ་གསོ་ཡག་པོ”སོགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་དཔལ་ཡོན་སྲོལ་གསར་དར་སྤེལ་དང་གོམས་སྲོལ་བརྗེ་བསྒྱུར་ལ་སྐུལ་འདེད་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བཅས་བྱས་ཏེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་མང་ཚོགས་ཀྱི་བདེ་སྐྱིད་གཞི་གྲངས་མཐོ་རུ་བཏང་། 

  མདོ་ལར། རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཐུན་མོང་དར་རྒྱས། ཐུན་མོང་ཡར་ཐོན་བཅས་བྱེད་བཞིན་ཡོད། “ཆེས་མཛེས་པའི”སྙིང་སྟོབས་རྒྱུན་འཛིན་དང་མིག་དཔེའི་སྟོབས་ཤུགས་མངོན་པར་དོད་ཡོད། “ཆེས་མཛེས་པའི་མདོ་ལའི་མི”ནས་མགོ་བཙུགས་ཏེ་མདོ་ལ་རྫོང་གིས་ཀུན་སྤྱོད་དོན་གཉེར་མུ་མཐུད་དུ་ཇེ་བརྟན་དང་ཀུན་སྤྱོད་དཔེ་བཟང་གི་མིག་དཔེའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཡར་ཐོན་དགེ་སྒྲུབ་ཀྱི་དྲང་ནུས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཤིང་། མདོ་ལའི་བྱ་གཞག་ཁག་རླུང་བརྟེན་རླབས་གཤག་དང་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་རྫོགས་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས།

གསར་འགོད་པ། ཀྲང་གོ་ཅིན།


མཉམ་སྤྱོད།