དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཤེས་བྱའི་ཐོན་དབང་ཟེར།

2023-04-28 14:15:28   |   265

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགསས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤེས་བྱའི་ཐོན་དབང་ཞེས་པ་ནི་སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་ཚན་རིག་ལག་རྩལ་ལམ་རིག་གནས་སྒྱུ་རྩལ་གྱི་ཐད་གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་ངལ་རྩོལ་གྱིས་ལེགས་འགྲུབ་བྱས་པའི་རིག་སྟོབས་ཀྱི་གྲུབ་འབྲས་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བདག་དབང་ལ་ཟེར། ཤེས་བྱའི་ཐོན་དབང་གཙོ་ཆེ་ཤོས་གསུམ་ནི་རྩོམ་གྱི་བདག་དབང་དང་། ཆེད་ཁེའི་བདག་དབང་། ཚོང་རྟགས་ཀྱི་བདག་དབང་བཅས་ཡིན།

ཤེས་བྱའི་ཐོན་དབང་གི་རིགས།

1.རྩོམ་གྱི་བདག་དབང་།

རྩོམ་གྱི་བདག་དབང་ལ་པར་དབང་ཡང་ཟེར་ཞིང་། དེ་ནི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་རྩོམ་རིག་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་བརྩམས་ཆོས་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རྒྱུ་ནོར་གྱི་ཁེ་དབང་དང་བསམ་པའི་ཁེ་དབང་གི་སྤྱི་མིང་ལ་ཟེར། དེའི་ནང་གཙོ་བོ་རྩོམ་གྱི་བདག་དབང་དང་དེ་བཞིན་རྩོམ་གྱི་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆ་གཞན་དག་ཚུད་ཡོད། རྒྱུན་དུ་ང་ཚོས་བརྗོད་པའི་ཤེས་བྱའི་ཐོན་དབང་ཞེས་པ་ནི་གཙོ་བོ་རྩིས་འཁོར་མཉེན་ཆས་གསར་རྩོམ་གྱི་བདག་དབང་དང་བརྩམས་ཆོས་ཐོ་འགོད་ལ་ཟེར་གྱིན་ཡོད་།

2.བཟོ་ལས་ཐོན་དབང་།

བཟོ་ལས་ཐོན་དབང་ཞེས་པ་ནི་བཟོ་ལས་དང་། ཚོང་ལས། ཞིང་ལས། ནགས་ལས་དང་ཐོན་ལས་གཞན་དག་བཅས་ཀྱི་ཁྲོད་དུ་སྤྱོད་གོ་ཆོད་པའི་དཔལ་འབྱོར་གྱི་དོན་སྙིང་ལྡན་པའི་གཟུགས་མེད་ཀྱི་རྒྱུ་ནོར་བདག་དབང་ལ་ཟེར་ཞིང་། དེའི་ནང་གཙོ་བོ་ཆེད་ཁེའི་བདག་དབང་དང་ཚོང་རྟགས་ཀྱི་བདག་དབང་ཚུད་ཡོད།

མདོར་ན། ཤེས་བྱའི་ཐོན་དབང་ལ་གཙོ་བོ་རིགས་གཉིས་ཡོད་དེ། གཅིག་ནི་རྩོམ་གྱི་བདག་དབང(འདི་ལ་པར་དབང་ངམ་རྩོམ་རིག་ཐོན་དབང་ཡང་ཟེར)དང་། ཅིག་ཤོས་ནི་བཟོ་ལས་ཐོན་དབང(འདི་ལ་ཐོན་ལས་ཐོན་དབང་ཡང་ཟེར)ངོ་། ། 

ཤེས་བྱའི་ཐོན་དབང་གི་ཁྱད་ཆོས།

གཅིག ཆེད་སྤྱོད་རང་བཞིན། སྒེར་བཟུང་རང་བཞིན་ནམ་སྒེར་སྡེམ་རང་བཞིན་དེ་ཁེ་དབང་འཛིན་མཁན་གྱིས་མོས་མཐུན་བྱས་པའམ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པ་ཕུད། ཁེ་དབང་འཛིན་མཁན་ཕུད་པའི་སྐྱེ་བོ་སུ་ཞིག་གིས་ཀྱང་ཁེ་དབང་དེ་ལོངས་སུ་སྤྱོད་པའམ་བེད་སྤྱོད་བྱ་མི་ཆོག  དེའི་ཐོག་ནས་ཁེ་དབང་འཛིན་མཁན་གྱིས་སྒེར་བཟུང་ངམ་སྒེར་སྡེམ་བྱས་པའི་ཆེད་སྤྱོད་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ནན་མོ་བྱེད་པ་ལས་མི་གཞན་གྱི་གནོད་འཚེ་མི་ཕོག་པ་མཚོན་ཡོད། “བཙན་འདོམས་བཀའ་འཁྲོལ”དང“བསྡུས་སྤྱོད”སོགས་བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་ན། ད་གཟོད་ཁེ་དབང་འཛིན་མཁན་གྱི་ཆེད་སྤྱོད་དབང་ཆ་བསྒྱུར་ཐུབ།

གཉིས། ས་ཁོངས་ཀྱི་རང་བཞིན། ངོས་འཛིན་དང་སྲུང་སྐྱོང་བྱེད་སའི་ས་ཁོངས་ཁོ་ནར་གོ་ཆོད་ཅིང་། རྒྱལ་སྤྱིའི་སྤྱི་ཆིངས་སམ་ཕྱོགས་གཉིས་ཕན་ཚུན་གཉིས་ཕན་གྱི་ཆོད་ཡིག་བཞག་པ་ཕུད། རྒྱལ་ཁབ་ཅིག་གི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་ཁེ་དབང་ག་གེ་མོ་དེ་རྒྱལ་ཁབ་དེའི་ཁྱབ་ཁོངས་ཁོ་ནར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པ་ཡིན། དེར་བརྟེན་ཤེས་བྱའི་ཐོན་དབང་ལ་ས་ཁོངས་ཀྱི་རང་བཞིན་ལྡན་ཞིང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་རྒྱལ་སྤྱིའི་རང་བཞིན་ཡང་ལྡན།

གསུམ།  དུས་ཚོད་ཀྱི་རང་བཞིན། གཏན་འབེབས་བྱས་པའི་དུས་བཀག་ཁོ་ནར་སྲུང་སྐྱོང་ཐོབ་པ་ཡིན་ཏེ། བཅའ་ཁྲིམས་ཀྱིས་ཁེ་དབང་ཁག་ལ་སྲུང་སྐྱོང་བྱེད་པ་ཚང་མར་གོ་ཆོད་པའི་དུས་ཡུན་ངེས་ཅན་ཞིག་གཏན་འབེབས་བྱས་ཡོད་ཅིང་། རྒྱལ་ཁབ་ཁག་གི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་དུས་ཡུན་གྱི་རིང་ཐུང་ཧ་ལམ་འདྲ་མཚུངས་ཡིན་མོད། དེ་ལ་གཅིག་མཚུངས་མིན་པའང་ཡོད་དེ། རྒྱལ་སྤྱིའི་གྲོས་ཆོད་ལ་ཞུགས་པའམ་ཡང་ན་རྒྱལ་སྤྱིའི་རེ་འདུན་ལ་ཞུགས་སྐབས་ད་གཟོད་ཁེ་དབང་ག་གེ་མོ་ཞིག་ལ་གཅིག་གྱུར་གྱི་སྲུང་སྐྱོང་དུས་ཡུན་ཡོད།

ཤེས་བྱའི་ཐོན་དབང་གི་གལ་ཆེའི་རང་བཞིན།

1. རྒྱལ་ཁབ་ལ་མཚོན་ནས་བཤད་ན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་དེ་ཡིན་པ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་པ་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པ་ཞིག་རེད་ཅེས་གསུངས་ཡོད། 

ཤེས་བྱའི་ཐོན་དབང་ལམ་ལུགས་དེ་གསར་གཏོད་ལ་སྐུལ་མ་གཏོང་བའི་གཞི་རྩའི་འགན་སྲུང་ཞིག་ཡིན་པའི་ཆ་ནས། དེ་ཉིད་ལ་ནང་རྐྱེན་གལ་ཆེན་གསུམ་འདུས་ཡོད། གཅིག་ནས་དེ་ནི་ཐོན་དབང་ལ་བཀོད་སྒྲིག་བྱེད་པའི་ནང་རྐྱེན་གསར་པ་ཞིག་ཡིན་ཞིང་། དེས་གསར་གཏོད་གྲུབ་འབྲས་ལ་རྒྱུ་ནོར་བདག་དབང་སྤྲད་པར་བརྟེན་ནས། གསར་གཏོད་བྱེད་མཁན་གཙོ་བོས་གསར་གཏོད་གྲུབ་འབྲས་ལ་ཁྲིམས་མཐུན་གྱི་ཁ་ལོ་སྒྱུར་དབང་དང་བེད་སྤྱོད་བྱེད་དབང་ཡོད་པ་དང་། དེ་བཞིན་གྲུབ་འབྲས་སྤོ་སྒྱུར་དང་གཞན་སྒྱུར་བྱས་པར་བརྟེན་ནས་ཁེ་ཕན་ཐོབ་པའི་ཁེ་དབང་ཡོད་པ་ཁ་གསལ་བཟོས་ཡོད། གཉིས་ནས་དེ་ནི་གསར་གཏོད་ལ་སྐུལ་མ་གཏོང་བའི་ནང་རྐྱེན་ཞིག་ཡིན་ཞིང་། དེས་གསར་གཏོད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པར་བརྟེན་ནས་མི་རྣམས་ཀྱི་གསར་གཏོད་ཀྱི་སྤྲོ་སེམས་ལ་སྐུལ་མ་ཡང་བཏང་ཡོད། གསུམ་ནས་དེ་ནི་ཕན་ནུས་ལྡན་པའི་ཚོང་རའི་ནང་རྐྱེན་ཞིག་ཀྱང་ཡིན་ཏེ། མི་རྣམས་ཀྱིས་ཤེས་བྱའི་ཐོན་དབང་གི་གཟུགས་མེད་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ནས་གཏན་འབེབས་བྱས་པའི་ཆོག་འཐུས་བཤུག་སྤྲོད་སྒྲིག་སྲོལ་ཞིག་ཡིན་ལ། ཤེས་བྱའི་ཐོན་དབང་དེར་ཚོང་རའི་ཁོར་ཡུག་འོག་བདེ་བླག་ངང་སྤོ་སྒྱུར་གཞན་སྒྱུར་དང་། ཕན་འབྲས་ཐོན་པ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་ཐོན་པར་བྱས་ནས། གསར་གཏོད་ལ་མ་དངུལ་འཇོག་པ་དང་གསར་གཏོད་ལས་ཕན་ཁེ་ཐོབ་པའི་འཁོར་རྒྱུག་བཟང་པོ་མངོན་འགྱུར་བཅས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་བའི་མཐར་གཏུགས་སའི་གནད་དོན་དེ་ཐག་གཅོད་བྱས་ཡོད། 

2. ཁེ་ལས་ལ་མཚོན་ནས་བཤད་ན། 

ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ན་ཁེ་ལས་ཀྱི་གཉེར་སྐྱོང་བདེ་འཇགས་ལ་འགན་ལེན་བྱེད་ཐུབ། ཁེ་ལས་དང་ལྷག་པར་དུ་ཚན་རྩལ་ཅན་གྱི་ཁེ་ལས་མང་ཆེ་བ་ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་དུ་གནས་ཡོད་པ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ཚོང་རའི་དགོས་མཁོ་དང་འཚམ་པའི་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ན་ཁེ་ལས་ཀྱིས་ཤེས་བྱའི་ཐོན་དངོས་བདག་དབང་ལས་བྱུང་བའི་ཚོང་རའི་ཁེ་ཕན་དེ་གཅིག་པུས་ལོངས་སུ་སྤྱོད་ཐུབ་པ་དང་། ཤེས་བྱའི་ཐོན་དབང་ཤོར་བར་སྔོན་འགོག་དང་། དབང་གནོད་ཉེན་ཁ་ལས་གཡོལ་ནས་ཁེ་ལས་ཀྱི་གཉེར་སྐྱོང་བདེ་འཇགས་ཡོང་བར་འགན་ལེན་བྱེད་ཐུབ། ཤེས་བྱའི་ཐོན་དབང་གི་ལས་ཀར་ཤུགས་སྣོན་བྱས་ན་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་པའི་བདེ་འཇགས་ལ་འགན་ལེན་བྱེད་ཐུབ་པ་དང་། ཁེ་ལས་ཀྱིས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་འཛུགས་པ་དང་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱེད་སྐབས་ཤེས་བྱའི་ཐོན་དབང་གི་ཆ་འཕྲིན་ལ་དབྱེ་ཞིབ་དང་བེད་སྤྱོད་བྱས་པ་བརྒྱུད། རང་ཉིད་གནས་སའི་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་། མི་གཞན་གྱི་སྔོན་སྤྱོད་དབང་ཆར་གནོད་འཚེ་བྱས་ཏེ་རྩིས་འགྲོ་མེད་པའི་ཞིབ་འཇུག་གསར་སྤེལ་བྱས་ནས་མི་ཤུགས་དང་། དངོས་ཤུགས། རྒྱུ་ནོར་བཅས་ཆུད་ཟོས་སུ་འགྲོ་རྒྱུ་སྔོན་འགོག་བྱེད་ཐུབ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ན་ཐོན་རྫས་ཀྱི་ཚོང་རའི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་ཐུབ་པ་དང་། ཁེ་ལས་ཀྱིས་རང་བདག་གི་ཤེས་བྱའི་ཐོན་དབང་གི་ཐོན་རྫས་གང་དེ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་བརྒྱུད་ཁེ་ལས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་ཐུབ་པ་དང་། ཚོང་རའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་ཐུབ་པ་མ་ཟད། ཐ་ན་ཚོང་རའི་རིན་གོང་གཏན་འཁེལ་བྱེད་པའི་སྐད་ཆ་ཤོད་དབང་ཡང་འཐོབ་ཐུབ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ན་མ་རྩ་མཉམ་བཞག་མཉམ་ལས་དང་། ཚོང་དོན་གྲོས་མོལ་ཁྲོད་ཀྱི་ཁེ་ལས་ཀྱི་གོ་གནས་མཐོ་རུ་གཏོང་ཐུབ་པ། ཁེ་ལས་ཀྱིས་རང་བདག་ཤེས་བྱའི་ཐོན་དངོས་བདག་དབང་བེད་སྤྱད་ན་མ་རྩ་འཕར་སྣོན་དང་མ་རྐང་རྒྱ་སྐྱེད་དང་། གཏའ་འཇོག་མ་དངུལ་བསྡུ་རུབ། ཆོག་འཐུས་བཀོལ་སྤྱོད། ཐོན་ལས་མནའ་འབྲེལ་འཛུགས་པ་སོགས་མངོན་འགྱུར་བྱ་ཐུབ། 

མི་སྒེར་ལ་མཚོན་ནས་བཤད་ན། 

ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱས་ན། མི་རྣམས་ཀྱིས་ཚན་རྩལ་ཞིབ་འཇུག་དང་རིག་རྩལ་གསར་རྩོམ་བྱེད་པའི་ཧུར་སེམས་ལ་སྐུལ་སློང་ཐེབས་རྒྱུར་ཕན་ཐོགས་ཡོད་ཅིང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་ཀྱིས་ཁེ་དབང་འཛིན་མཁན་གྱི་ཚན་རྩལ་དང་རིག་གནས་ཁྱབ་ཁོངས་ཀྱི་རིག་སྟོབས་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པར་གཞོལ་བ་དང་། ཁེ་དབང་འཛིན་མཁན་གྱི་རིག་སྟོབས་གྲུབ་འབྲས་དང་དེའི་ཁྲིམས་མཐུན་ཁེ་དབང་ལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཚེ། ད་གཟོད་མི་རྣམས་ཀྱི་གསར་སྐྲུན་གྱི་རང་འགུལ་རང་བཞིན་ལ་སྐུལ་སློང་བྱེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་ཐུབ།


མཉམ་སྤྱོད།