སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།
གསར་འགྱུར་གལ་ཆེན།
ཚེས23ཉིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྩིས་བཤེར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྔར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་རྒན་པ་དང་སྒྱུ་རྩལ་མཁས་ཅན་རྒན་པ་ལ་འཕྲིན་ལན་སྤྲིངས་ཏེ། ཀྲུང་གོའི་མཛེས་རྩལ་ཁང་སྒོ་ཕྱེས་ནས་ལོ་འཁོར60སླེབས་ལ་ཉེ་བའི་སྐབས་འདིར་འགྲེམ་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཚོང་དོན་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་མི་དམངས་ཤོག་སྒོར་དུང་ཕྱུར2892.9བྱས་པ་དེ་དུས་མཚུངས་ལས26.6%འཕར་ཡོད།
རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2022ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི50.2ཟིན་པ་དང་། དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་ཁྲོད་བཟུང་བའི་སྡུར་ཚད41.5%བར་མཐོ་རུ་ཕྱིན་ཡོད།
ཚེས23ཉིན་གྱི་ཆུ་ཚོད12དང་སྐར་མ30ཙམ་ལ། 2023ལོའི་ཇོ་མོ་གླང་མའི་རི་འཛེག་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི13བདེ་བླག་ངང་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་དང་། ཚན་རིག་རྟོག་ཞིབ་མང་པོ་བྱས།
ཚེས23ཉིན། ཕིང་ལུའུ་ཡུར་ཀླུང་ཧྲིལ་པོ་སྐྲུན་མགོ་བརྩམས་པ་དང་། དེ་ལེགས་པར་གྲུབ་རྗེས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་ཞི་ཅང་གཙང་པོའི་གཞུང་རྒྱུན་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་པའི་གཙང་པོ་དང་མཚོ་ཐོག་མཉམ་འདྲེན་བྱེད་པའི་བགྲོད་ལམ་ཆེན་པོ་ཞིག་གཏོད་རྒྱུ་རེད།
འཇར་པན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་གཉིས་བར་གྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྤེལ་རེས་ལ་འགོག་རྐྱེན་བཟོ་གི་ཡོད་ཅེས་བཤད་པར། རང་རེའི་ཕྱི་འབྲེལ་པུས་ལན་བསློགས་པ་སྟེ། འཇར་པན་ཕྱོགས་ཀྱིས་བསམ་གཞིག་ཞིབ་མོ་དང་ནོར་འཁྲུལ་ཡོ་བསྲང་ཏན་ཏིག་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཁ་ཕྱོགས་གཅིག་ཏུ་སྐྱོད་དགོས་པ་ལས་སྐྱོན་ཚུར་འགེལ་བྱེད་མི་རུང་ཞེས་བཤད།
ས་གནས་དེ་གའི་ཚེས22ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུ་ཡིས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་སྟེ། ཀྲུང་གོར་རིགས་དང་པོའི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྒྲིག་གཞི་འཛུགས་རྒྱུ་གཏན་འབེབས་བྱས།
སྤྱི་ཚོགས།
མཁའ་རླུང་གྲང་མོའི་ཤུགས་རྐྱེན་དབང་གིས་དེ་རིང་དང་སང་ཉིན་བར་གྱི་ཉིན་གཉིས་ཀྱི་རིང་ལ། ནང་སོག་དང་ཧྭ་བྱང་། བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད་སྔ་རྗེས་སུ4~6℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད8℃ཡན་མར་ཆག་རྒྱུ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར297ལ་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད།
ཚེས23ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། ན་སོ་དར་ལ་མ་བབས་པའི་མི་ལ་བཙན་གཡེམ་བྱས་པའི་ཉེས་ཅན་ཉི་ཏུའུ་ཆུན་དང་ཝང་ཞོ་ཧྲན། སུན་པོ་ཁྲང་བཅས་ལ་ཁྲིམས་ལྟར་སྲོག་ཁྲིམས་ལག་ཏུ་བསྟར།
ཚེས22ཉིན། “བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཆན་ཆི་ཧུའུ(钱七虎)ཡིས་སླར་ཡང་དགེ་རྩའི་དངུལ་སྒོར་ཁྲི100དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱ་རྒྱུའི་ཐད་དུ་ཞལ་འདེབས་སུ་ཕུལ།
མིག་སྔར། ཧེ་ལུང་ཅང་གི་བྱང་ཤར་སྟག་གི་ནགས་ཚལ་གླིང་གི་བྱང་ཤར་སྟག་སྐྱེ་འཕེལ་བྱེད་མང་བའི་དུས་སུ་སླེབས་པ་དང་། ད་ལོར་ཕྲུ་གུ10ལྷག་བཙས་ཡོད།
ཚེས23ཉིན། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཐེ་ལན་དུ་སྡོད་པའི་དོམ་ཁྲ“ལིན་ཧེ”ཡི་ཤི་རྐྱེན་ཡོངས་བསྒྲགས་བྱས་པ་སྟེ། དེ་ནི་འཕར་རྩ་དཀག་འགྱུར་གྱི་ནད་ཀྱིས་དབང་པོ་མང་པོའི་ནུས་པ་ཉམས་པའི་རྐྱེན་རེད།
སྲིད་ཇུས།
ཧོ་ནན་གྱིས་བརྡ་ཐོ་བཏང་ནས་གནས་སྐོར་ལས་དོན་ཁང་ལ་མུ་མཐུད་དུ་གནས་སྐོར་ཞབས་ཞུའི་སྤུས་ཚད་འགན་ལེན་དངུལ100%ཕྱིར་སློག་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད།
ཀོང་ཏུང་གིས《ཚན་རྩལ་མི་ཆོས་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ་དང་། མཐོ་རིམ་སློབ་གྲྭར་ཚན་རྩལ་མི་ཆོས་སློབ་གསོ་དང་འབྲེལ་བའི་སློབ་ཚན་འཛུགས་རྒྱུའི་སྐུལ་ལྕག་བཏང་།
ཧྲན་ཞིའི་སྡེ་ཁག་བརྒྱད་ཀྱིས་ཡིག་ཆ་བཀྲམ་ནས་གཙོ་གནད་ཚོགས་པའི་ལས་གཏོད་ལ་རྒྱབ་སྐྱོར་དང་། མཚན་མོའི་དཔལ་འབྱོར་དང་རླངས་འཁོར་མཇུག་སྒམ་དཔལ་འབྱོར་སོགས་ཁྱད་ལྡན་ཚོང་གཉེར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་རྒྱུ་ཁ་གསལ་བཏོན།
འཚོ་བའི་དྲན་སྐུལ།
དེ་རིང་གི་གནམ་གཤིས། ཀོང་ཏུང་གི་བྱང་རྒྱུད་དང་དབུས་ནུབ་རྒྱུད། ཀོང་ཞིའི་དབུས་ཤར་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།