དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིད་པའི་འབྲས་ནད།

2025-05-30 10:55:21   |   37

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མིད་པའི་འབྲས་ནད་ནི་མིད་པ་དང་ཕོ་བའི་མཚམས་སུ་འབྲས་ནད་བྱུང་སྟེ་མཐར་ཟས་སྐོམ་གང་ཡང་མིད་མི་ཐུབ་པའི་ནད་ཅིག་ཡིན་ལ། ནད་འདིའི་རྒྱུ་རྐྱེན་མིག་སྔར་གསལ་བོར་ཤེས་མེད་ཅིང་། ཕལ་ཆེར་ཟས་གྱོང་པོ་དང་མཁྲེགས་པོ། ཚ་བོ་སོགས་ཀྱིས་མིད་པ་རྨས་པ་དང་། ཆང་རྒན་སྐྱུར་པོ་དང་རྗེན་པ་སོགས་ཀྱིས་མིད་པར་གནོད་པ་སོགས་ཀྱིས་སློང་བ་ཡིན་སྲིད།

ནད་རྟགས།

ནད་དེ་ཐོག་མར་ཕོག་སྐབས་ནད་རྟགས་དེ་ཙམ་གསལ་བོར་མེད་རུང་། བྲང་ཁོག་མི་བདེ་བའམ་བསྡམས་པ། མིད་པའི་ནང་དངོས་པོ་ཡོད་པའི་ཚོར་སྣང་ཡོད་པ། ཟས་མིད་སྐབས་བཀག་སྙམ་དང་ཚ་འབྲབ་བྱེད་པ་སོགས་འབྱུང་བ་དང་། རིམ་བཞིན་ཟས་རིགས་རྡོག་པོ་དང་སྐམ་པོ་མིད་མི་ཐུབ་ལ། ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་མཐར་ཆུང་ངུ་ཡང་མི་འགྲོ་བ། ཟུངས་ཁྲག་ཟད་པ། ལུས་སྟོབས་ཧ་ཅང་ཉམས་ཞན་དུ་འགྱུར་བ། སྐེའི་རྨེན་སྐྲངས་པ་སོགས་ཀྱི་མངོན་ཚུལ་འབྱུང་།

སྔོན་འགོག

ཟས་སྐོམ་གང་རུང་ཞིབ་བུར་བལྡད་དེ་དལ་གྱིས་མིད་པ་དང་། རུལ་སུངས་དང་སྐམ་པོ། མཁྲེགས་པོ་སོགས་གནོད་པའི་ཟས་རིགས་ཐམས་ཅད་སྤང་དགོས།

གསོ་ཐབས།

1 གལ་ཏེ་གོང་བཤད་ནད་རྟགས་བྱུང་ན། སྔ་མོ་ནས་སྨན་ཁང་དུ་སོང་སྟེ་བརྟག་བཅོས་བྱེད་འོས་པ་དང་། གསོ་བཅོས་ཀྱི་དུས་སྐབས་བཟང་བོ་ཤོར་དུ་འཇུག་མི་རུང་།

2 བོད་ལུགས་གསོ་རིག་ལྟར་ན། ནད་གསར་བའི་དུས་སུ་དྭངས་བཙོ(སེ་འབྲུ་དྭངས་གནས་ལ་བཙོ་ཐལ་བསྣན་པ)བདེ་བྱེད་སྙོམས་ལྡན། ཅོང་ཞི་ཉེར་གཅིག ཅོང་ཞི་ཅུར་ནིས། གཡུ་དྲིལ་བཅུ་གསུམ། འབྲོང་ཁྲག་བརྒྱད་པ། བཙོ་ཟླ་སོགས་བསྟེན་ཅིང་། ཕོ་བར་འདྲིལ་བའི་རྟགས་བྱུང་ན། འབྲས་ནད་སྨིན་པ་ཡིན་པས་རྡོ་ཐལ་ཉེར་ལྔའང་ཉེར་བདུན་བཏང་། གྲང་ཤས་ཅན་ལ་ན་ཟུག་མེད་པ་དང་ཚ་ཤས་ཅན་ལ་ན་ཟུག་ཆེར་འབྱུང་བས་གྲང་ཤས་ཆེ་ན། བདེ་བྱེད་སྙོམས་ལྡན། བེ་ཁྲག་ཉེར་ལྔ། བཅོ་ལྔ་དྲག་སྦྱོར། སེ་འབྲུ་དར་གདུགས། བདུད་རྩི་རིལ་དཀར། ཞི་བྱེད་ཉེར་དགུ་ཁ་ཚར(གླ་རྩི)ཅན། བཙོ་ཟླ། གྲང་སྦྱོར་སོགས་བཏང་། ཚ་ཤས་ཅན་ལ་ཟླ་ཤེལ་ཆེན་མོ། གཡུ་ཁྱུང་། མགྲོན་ཐལ་དང་ཅོང་ཞི་འཕྲུལ་ཐལ་གྱི་ཕྱེ་མ་གང་རུང་བདུད་རྩི་སུམ་སྦྱོར་དང་དྭགས་སྨན་བཅོ་ལྔ། ཅོང་ཞི་ཉེར་གཅིག་སོགས་དང་བུངས་མཉམ་དུ་བཏང་བས་ཕན།


མཉམ་སྤྱོད།