དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བདུད་རྩི་ལྔ་ལུམས་ཀྱི་ཕན་ཡོན་ཅི་ཡིན།

2025-07-28 10:54:39   |   51

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བདུད་རྩི་ལྔ་ཞེས་པ་ནི་ཤུག་པ། བ་ལི། མཁན་དཀར། འོམ་བུ། མཚེ་བཅས་ལྔ་པོར་ཟེར་ཞིང་། བདུད་རྩི་ཞེས་པ་ནི་སྤྱིར་བཏང་རིགས་དང་སྐྱེ་སའི་གནས། ནད་གཞིའི་ངོ་བོ་བཅས་ལ་གཞིགས་ནས་བཏགས་པའི་མིང་ཞིག་ཏུ་འདོད་ནའང་དོན་དུ་ཤ་པགས་རྩ་རྒྱུས་ཀྱི་ནད་སེལ་བ་ལ་མཆོག་ཏུ་ཕན་པ་ཞིག་ལ་བརྗོད་པ་ཡིན། དེ་ཡང་ཤུག་པ་ལྷ་ཡི་བདུད་རྩི། མཚེ་བཙན་གྱི་བདུད་རྩི། བ་ལི་མིའི་བདུད་རྩི། འོམ་བུ་ཀླུའི་བདུད་རྩི། མཁན་སྐྱ་སྡེ་བརྒྱད་ཀྱི་བདུད་རྩི་ཞེས་དང་། སྐྱེ་གནས་སམ་ཡུལ་གྱི་སྒོ་ནས། བ་ལི་སྤང་གི་བདུད་རྩི། ཤུག་པ་ཉིན་གྱི་བདུད་རྩི། མཚེ་སྲིབས་ཀྱི་བདུད་རྩི། འོམ་བུ་ཆུ་ཡི་བདུད་རྩིམ། མཁན་སྐྱ་སའི་བདུད་རྩི་ཞེས་གསུངས་པ་ལྟར་དང་། ནད་གཞི་སེལ་ཚུལ་གྱི་སྒོ་ནས་གཡུ་ཐོག་ཤོག་དྲིལ་ལས། བ་ལིས་པགས་པ་མཉེད་པར་བྱེད། འོམ་བུས་རུས་པའི་དུག་རྣམས་འདོན། མཚེ་ཡིས་ལུས་ཟུངས་བརྟས་པར་བྱེད། མཁན་སྐྱས་ལུས་ཀྱི་འབྱུང་བ་འདུལ། ཤུག་པ་ཡོན་ཏན་བརྒྱད་དང་ལྡན། ཞེས་དང་། འདི་ལྔ་བོ་སྦྱོར་བ་གང་གི་སྐབས་གཙོར་སྨན་ཡིན་པ་དང་དེ་ལ་ཁ་ཚར་གྱི་སྨན་རྩ་བ་ལྔ་དང་གཞན་གང་ལ་གང་དགོས་རིག་པས་དཔྱད་དགོས་སོ། རྒྱུད་ལས། ལུམས་ཀྱིས་ཚ་རླངས་ཆུ་སེར་བ་སྤུ་འདོན། རླངས་འདུལ་སྐྲངས་འཇོམས་སྐམ་པོ་ཤ་རྒྱས་བྱེད། ཅེས་དང་། དེ་བཞིན་རྩ་དཀར་དང་། དྲེག་གྲུམ། ཆུ་སེར་ཟ་འཕྲུག་བྱེད་པ། གྲང་རླུང་། སྐྱ་རྦབ་བཅས་དང་། རྒས་ག་སྲ་ཞིང་ཚིགས་རྣམས་བརྟས་པ། དབང་བོ་གསལ་བ། དྲན་པ་གསལ་བ། བློ་རྣོ་བ། སྐད་གདངས་ལྡན་པ། ལུས་སྟོབས་སྐྱེད་པ། མདངས་སྟོབས་རྒྱས་པ། རོ་ཙ་བྱེད་པ་བཅས་ཚེ་རིང་བཅུད་ལེན་དུའང་འགྲོ་བས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། གཞན་ཡང་། ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། ཉེ་ཤིང་ཆུ་སེར་གྲང་རླུང་གབ་ཚད་སེལ། ར་མཉེ་ནུས་བསིལ་དྲོ་ལ་ཕོ་དྲོད་སྐྱེད། ལུས་ཡང་རྩལ་ཆེ་ཡི་ག་འབྱེད་པར་བྱེད། ཨ་ཤོ་གནྔྷས་སྨད་གྲང་ཆུ་སེར་སེལ། གཟེ་མ་དྲོ་ལ་ཡང་བས་མཁལ་ནུས་གསོ། མཁལ་རྐེད་གྲང་བ་མ་ལུས་སེལ་བར་བྱེད། གླ་བའི་རིལ་མས་རྩ་སྐྱོན་ཐམས་ཅད་སེལ། ཞེས་པ་རྣམས་དང་། གཞན་ཡང་ཕྱི་རྒྱུད་ལས། མི་རུས་བཙའ་མའི་རླངས་ལུམས་ཆུ་ཚན་གྱིས། ཚ་རེངས་རླུང་ལྡན་འགྲམས་པའི་ཟུག་གཟེར་འཇོམས། ཞེས་དང་། མཁན་པ་བུལ་ཏོག་ཕབས་སྦྱར་ཆུ་ལུམས་ཀྱིས། རྨ་རྒན་སྐྲངས་དང་ཞ་རེངས་སེལ་བར་བྱེད། ཅེས་གསུངས་པ་ལྟར། མི་རུས་བཙའ་མ་ནི་རླངས་ལུམས་ཀྱི་རྒྱུ་གཙོ་བོ་དང་། དེའི་སྟེང་བདུད་རྩི་ལྔ་དང་མཁན་པ། བུལ་ཏོག་རུས་པ་སྣ་ཚོགས་བཅས་ཐོག་མར་སླ་ངའི་ནང་བཙོས་ཏེ་ས་དང་རུལ་ཉོག་མི་གཙང་བ་རྣམས......དོར་ནས། དེ་རྗེས་ཉི་མར་བསྐམས་ནས་རུས་པ་རྣམས་ཞིབ་མོར་བརྡུང་ཐུབ་ན་རབ། དེ་མ་བྱུང་ཡང་ཁྲམ་ཁྲོམ་བརྡུངས་ནས་འཇོག་དགོས་པ་ལས་འབུ་ཞུགས་པ་དང་། བཙའ་ཆགས་རུལ་བ་སོགས་འགྲོ་མི་རུང་། དེ་ཡང་ནད་གཞི་རླུང་ཤས་ཆེར་སེལ་བ་ལ་ཕན་ཞིང་། འགྲེལ་བ་བཻ་སྔོན་ལས། ལྡན་འདུས་མཁྲིས་ཤས་ཆེ་བ་ལ་ཆུ་ལུམས་དང་། ལྡན་འདུས་རླུང་ཤས་ཆེ་བ་ལ་རླངས་ལུམས། ཞེས་གསུངས་པ་ལྟར། ཆུ་ལུམས་དང་རླངས་ལུམས་གཉིས་ཀྱི་སྦྱོར་ཚད་དང་ལག་ལེན་བཅས་མི་འདྲ་བའི་དབང་གིས་མཐར་ཐུག་ནད་སྟོབས་འཇོམས་པ་ལའང་རང་རང་གི་ནུས་མཐུ་ཁྱད་པར་ཅན་འབྱུང་གིན་ཡོད་པ་ལྟར་རོ།


མཉམ་སྤྱོད།