དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་རལ་ཟགས་དང་ཁུང་རྡོལ།

2025-08-21 09:37:11   |   35

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

 ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་རལ་ཟགས་བྱུང་ཚུལ་ཕལ་ཆེར་ནི་ཕོ་སྐྱུར་དང་ཕོ་བའི་སྤྲི་དཀར་རྩབས་ཀྱི་འཇུ་བྱེད་ནུས་པར་འབྲེལ་བ་ཡོད།  དེ་ལ་འཇུ་བྱེད་རང་བཞིན་གྱི་རལ་ཟགས་ཟེར།  རྐྱེན་སྣ་ཚོགས་ཀྱིས་ཕོ་བ་དང་རྒྱུ་སོར་རྒྱུ་གཉིས་ཀྱི་འབྱར་སྐྱི་ཆ་ཤས་ལ་གནོད་ནུས་ཇེ་ཆེ་དང་སྲུང་སྐྱོབ་རྒྱུ་ཆ་ཟད་རྒྱད་དུ་གྱུར་པའི་སྐབས་གཞི་ནས་རལ་ཟགས་འབྱུང་བ་ཡིན།

ནད་རྟགས།

 ཕོ་བའི་རལ་ཟགས་དང་རྒྱུ་སོར་བཅུ་གཉིས་ཀྱི་རལ་ཟགས་གཉིས་ཀས་གསུས་སྟོད་དུ་མཚམས་བཅད་དེ་ན་ཟུག་འབྱུང་བ་ཡིན།  ཕོ་བའི་རལ་ཟགས་ཀྱི་ཟུག་གཟེར་མང་ཆེ་བ་ཟས་རྗེས་སུ་འབྱུང་བ་ཡིན།  རྒྱུ་སོར་བཅུ་གཉིས་ཀྱི་རལ་ཟགས་ཕལ་ཆེ་བ་ལྟོགས་པའི་དུས་ན་ཟུག་འབྱུང་བ་དང་།  ཟས་རྗེས་སུ་བདེ་བ་དང་། རྒྱུན་དུ་མཚན་གོང་དུ་ན་བ་ཡིན།  ཕོ་བའི་རལ་ཟགས་བྱུང་མྱོང་ཡོད་པའི་ནད་པ་ལ་གལ་ཏེ་གསུས་སྟོད་ཤིན་ཏུ་ན་བ་བྱུང་བ་དང་།  དེ་དང་མཉམ་དུ་གསུས་པ་ཡོངས་ལ་འཁྱམས་པ་དང་།  གསུས་ཤ་ཤིང་ལེབ་ལྟར་གྲིམས་པ་བྱུང་ན་ཁུང་བུ་རྡོལ་བར་དོགས་པ་ནན་མོ་ཟ་འོས།  གལ་ཏེ་གསུས་སྟོད་ལ་ན་ཟུག་དྲག་པོ་བྱུང་བ་དང་།  དེ་དང་མཉམ་དུ་སྐྱུགས་གྲངས་མང་བ་དང་།  སྐྱུགས་རོ་རུ་སྔར་ཉིན་ཟོས་པའི་ཟས་ཡོད་ན།  ཕལ་ཆེར་དོན་སྒོ་ཁེགས་ཐོགས་བྱུང་བ་ཡིན།

སྔོན་འགོག 

ཟས་སུ་མར་རྙིང་དང་ཁྲག་ཚོད་དང་།  འབྲུ་མར།  ར་ཤ  གནག་ཤ་རུལ་སུངས་སུ་གྱུར་པ་དང་།  ཉ་ཤ་དང་ཕག་ཤ་བེམ་པ།  ཆང་སྐྱུར་དང་སྒོག་སྐྱ།  ཞོ་མ་ལངས་ལ་སོགས་ནུས་པ་སྣུམ་ལ་ལྕི་བའི་ཟས་དང་བསིལ་དྲོད་དྲགས་པ་གནོད་པས་སྤང་བ་དང་།  ཤ་དང་འོ་མ།  ཀ་ར་དང་བུ་རམ།  ཤིང་ཏོག་དང་སྔོ་ཚལ་སོགས་གསར་ཞིང་བཅུད་ཆེ་བའི་རིགས་བསྟེན་དགོས་པ་དང་།  ཉིན་རེར་ཟ་ཐེངས་མང་ལ་ཟས་འབོར་ཉུང་བར་བྱེད་དགོས།

གསོ་ཐབས།

1 རྒྱུན་པར་དུས་ལྟར་ཟས་ཟ་བ་དང་།  དུ་བ་དང་ཆང་འཛེམ་པ་དང་།  ཤིན་ཏུ་གྲང་མོ་དང་ཚ་མོ།  ལན་ཚ་དང་ཚ་བ་སོགས་ཕོག་ཐུག་རང་བཞིན་གྱི་ཟས་སྐོམ་ཟ་མི་རུང་།

2 གལ་ཏེ་གསུས་གཟེར་མུ་མཐུད་དུ་བྱུང་སྟེ་མི་བདེ་ན་ཁུང་བུ་བརྡོལ་ཉེན་ཆེ་བས།  མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱོད་བྱེད་འོས།

3 བོད་ལུགས་གསོ་རིག་ལྟར་ན།  རྨ་དོད་པ་ལ་ཟླ་ཤེལ་ཆེན་མོ་དང་སྨུག་པོ་གཡུལ་རྒྱལ།  གཡུ་དྲིལ་བཅུ་གསུམ།  བདེ་མྱུག རུ་རྟ་དྲུག་པ།  དྭགས་པོ་སྨན་ནག  སེ་འབྲུ་དྭངས་གནས།  སེ་འབྲུ་བཞི་ལྔ་སོགས་ནད་རྟགས་དང་བསྟུན་ནས་བསྟེན་དགོས་ཏེ།  དེ་ཡང་ཐོག་མར་ཕོ་བ་ན་བ་དང་ཚ་ཤར་རྒྱག་པ།  ཆུ་སྐྱུར་དང་དུད་ཁུ་སྐྱུག་པའི་སྐབས་སུ་ཟླ་ཤེལ་ཆེན་མོ་དང་བདུད་རྩི་སུམ་སྦྱོར།  གྲུབ་ཐོབ་རིལ་དཀར།  སྨུག་པོ་གཡུལ་རྒྱལ་ལྟ་བུ་དང་།  ལྟོ་བ་སྦོ་ཞིང་བརྒྱངས་པའི་སྐབས་སུ་གཡུ་དྲིལ་བཅུ་གསུམ།  རུ་རྟ་དྲུག་པ།  བདེ་བའི་མྱུ་གུ་ལྟ་བུ།  གཟེར་ཆེ་ཞིང་ཁྲག་རུལ་སྐྱུག་སྐབས་རུ་ཁྱུང་དང་།  གཡུ་ཁྱུང་།  གུར་ཀུམ་བརྒྱད་པ།  གུར་ཀུམ་བཅུ་གསུམ།  ཐང་ཆེན་ཉེར་ལྔ་ལྟ་བུ་བསྟེན་དགོས།  ན་ནས་ཡུན་རིང་ཕྱིན་པ་དང་ཟས་ཀྱི་འཇུ་སྟོབས་ཆུང་བ།  ལུས་སྟོབས་ཞན་པ།  གྲང་ཤས་ཆེ་བ་བཅས་ཀྱི་སྐབས་སུ་དྭགས་པོ་སྨན་ནག་དང་སེ་འབྲུ་དྭངས་གནས།  སེ་འབྲུ་བཞི་པ་དང་ལྔ་པ་སོགས་གོང་སྨན་རྣམས་དང་ལྟག་སྤྲོད་དུ་གཏོང་བ་དང་།  གཞན་ཡང་བཙོ་བཀྲུ་ཟླ་ཤེལ་དང་མང་སྦྱོར།  གྲང་སྦྱོར་སོགས་ཀྱང་གང་འཚམ་གྱིས་བེད་སྤྱོད་བྱེད་པ་དང་།  མཇུག་ཏུ་ཕོ་བ་དང་རྒྱུ་མའི་རྒྱབ་མདུན་གྱི་གསང་ལ་མེ་བཙའ་གདབ་པ་བཅས་ཀྱིས་ཟླ་བ་གསུམ་མམ་དྲུག  ཐ་ན་དགུ་པར་ཡུན་བསྲིངས་ནས་བཅོས་དགོས།

4 ཟས་ཀྱིས་བཅོས་པ་ལ།  བ་ལང་གི་ཤ་གསར་བ།  བ་མོ་དང་ར་མ།  མཛོ་མོའི་ཞོ་དང་དར་བ་དང་།  ཉ་ཤ་དང་ཕག་ཤ་སོགས་ཟས་སྐོམ་གྱི་ནུས་པ་ཡང་ལ་རྩུབ་ཅིང་བསིལ་དྲོད་སྙོམས་པའི་རིགས་འཕྲོད་པ་ཡིན།  ཕྱི་ལུགས་གསོ་རིག་ལྟར་ན།  སྲན་མའི་རིགས་དང་སིལ་ཏོག་སྲ་མོའི་རིགས།(硬果)  སྨྱུག་མའི་མྱུ་གུ།(竹笋)  ལྕ་ཚལ།(芹菜) ཀེའ།  སྲན་མྱུག(豆芽)  ལ་ཕུག་རྗེན་པ། ཙོང་རིལ།(洋葱)  སིལ་ཏོག་དང་ཐང་འབས།(菠萝)  སིལ་དམར།  སིལ་སྐྱུ་རུ།(山楂)  སྣུམ་བཙོས་ཀྱི་ཟས།  སུར་པན་ཕྱེ་མ(辣椒粉)  ཁོ་ཧྥེ།( 咖啡)  དུ་བ་དང་ཆང་མི་འཕྲོད་པས་སྤང་དགོས་ལ།  འོ་མ་དང་སྲན་ཁུ(豆浆)  བྱ་སྒོང་།  ཤ་གསར་བ།  འབྲུ་ཕྱེ་ཞིབ་མོ་རྣམས་འཕྲོད་པ་ཡིན།


སྐབས་སྔོན་མ། མྱུར་གཤིས་རྒྱུ་ལྷག་ཚ་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།