དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་རླུང་མཁྲིས་བད་ཀན་ཟེར།

2025-09-10 08:28:27   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བོད་སྨན་གསོ་རིག་གི་སྨན་བཅོས་ལག་ལེན་གྱི་ཐོག་ནས་ལུས་ཁམས་ལས་བྱུང་བའི་ནད་རིགས་ཁག་ཚང་མའི་ནང་གཞི་རྩའི་ནུས་པ་ཐོན་མཁན་ནི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། སྨན་བཅོས་སྐབས་སུ་ཡང་དེ་གསུམ་པོ་སྙོམས་སྒྲིག་བྱེད་པ་བརྒྱུད་ནས་བྱེ་བྲག་གི་ནད་རིགས་ཁག་གསོ་བཅོས་བྱེད་པའི་དམིགས་ཡུལ་དུ་སླེབ་པར་བྱེད་ཀྱིན་ཡོད་སྟབས། དེའི་གོ་དོན་རྒྱ་ཆེ་ཞིང་ཡོངས་ཁྱབ་ཏུ་འབྲེལ་བ་ཡོད་པ་ཞིག་རེད། དཔེར་ན། རླུང་ནད་ཟེར་བ་དེ་ཉེས་པའི་ཐོག་ནས་བཤད་པ་ཞིག་ཡིན་རུང་། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། སྙིང་སྲོག་ལོང་ལ་རླུང་ཉིད་གཙོ་བོར་བཟུང་། ཟེར་བ་ལྟར་ཀླད་གཞུང་དབང་རྩའི་ནད(དབང་རྩའི་ནུས་པ་ཉམས་ཞན་དུ་འགྱུར་བ་དང་ཤེས་པ་གཅིག་ཏུ་མ་གདས་པ་སོགས)རིགས་དང་། སྙིང་ཁམས་ཀྱི་ནད། ཁྲག་ཤེད་མ་སྙོམས་པ། ཟུངས་ཁྲག་ཉམས་པ། ལུས་ཟུངས་ཟད་པ། ལུས་སྟོབས་རྒས་པ་སོགས་རླུང་ནད་དང་འབྲེལ་ནས་ཡོད་སྟབས། རླུང་བཅོས་བྱེད་པ་དང་ཟུང་འབྲེལ་བྱེད་པ་བརྒྱུད་ནས་ནད་རིགས་བྱེ་བྲག་པ་དེ་ཚོ་གསོ་བཅོས་བྱེད་ཀྱིན་ཡོད་པ་རེད། མཁྲིས་པའམ་ཚ་བའི་ནད་ཟེར་བ་དེ་ཉེས་པའི་ཐོག་ནས་བཤད་པ་ཞིག་ཡིན་རུང་། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། གློ་མཆིན་མཁྲིས་པ་ཚད་པ་གཙོ་བོར་བཟུང་། ཟེར་བ་ལྟར་ཆམ་པ་རིམས་ཚད་ཀྱི་ནད་དང་། གློ་ཚད། མཆིན་ཚད། མཁྲིས་ཚད། རྒྱུ་ཚད་སོགས་གཉན་ཚད་ཀྱི་རིགས་ཡོད་ཚད་མཁྲིས་པ་ཚ་བའི་ནད་དང་འབྲེལ་ནས་ཡོད་སྟབས། ཚ་བ་གཅོག་པ་དང་ཟུང་འབྲེལ་བྱེད་པ་བརྒྱུད་ནས་ནད་རིགས་བྱེ་བྲག་པ་དེ་ཚོ་གསོ་བཅོས་བྱེད་ཀྱིན་ཡོད་པ་རེད། བད་ཀན་གྲང་བའི་ནད་ཟེར་བ་དེ་ཉེས་པའི་ཐོག་ནས་བཤད་པ་ཞིག་ཡིན་རུང་།  དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཕོ་མཆེར་མཁལ་ནད་བད་ཀན་གཙོ་བོར་བཟུང་། ཞེས་པ་ལྟར་ཕོ་བ་དང་མཁལ་མ་སོགས་ལུས་ཁམས་ཀྱི་དྲོད་ཚད་ཉམས་པ་དང་། ཟས་སྐོམ་མ་འཇུ་བ། ཕོ་བ་སོགས་ལ་གྲང་སྐྲན་ཆགས་པ། གཞན་ཡང་ལུས་ཁམས་ཀྱི་ཆུ་ཆའི་རང་བཞིན་མང་དུ་ཕྱིན་པ་སོགས་ནི་བད་ཀན་གྲང་བའི་ནད་དང་འབྲེལ་ནས་ཡོད་སྟབས། བད་ཀན་གྱི་ནད་གསོ་བ་དང་ཟུང་འབྲེལ་བྱེད་པ་བརྒྱུད་ནས་ནད་རིགས་བྱེ་བྲག་པ་དེ་ཚོ་གསོ་བཅོས་བྱེད་ཀྱིན་ཡོད་པ་རེད།


མཉམ་སྤྱོད།