དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོར་རེ་ལྟོས་བྱེད་རུང་བའི་ལག་རྩལ་ཆེན་པོ་བཅུ།

2026-01-27 09:06:09   |   300

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

2026ལོརAIལག་རྩལ་ལ་ཐོད་རྒལ་ཆེན་པོ་འབྱུང་རྒྱུ་རེད། ཉེ་ཆར་ཨ་རིའི་སྐད་གྲགས་ཆེ་བའི་ཚན་རྩལ་སྨྱན་བྱདTechnologyHQཡིས2026ལོར་རེ་ལྟོས་བྱེད་རུང་བའི་ལག་རྩལ་ཆེན་པོ་བཅུ་བགྲངས་ཤིང་། དེའི་ཁྲོད་དུ་སེམས་ཁམས་ཤེས་རྟོགས་ཐུབ་པའི་མི་ཐབས་རིག་ནུས་དང་མཚན་མོར་ལས་ཀ་བྱེད་ཐུབ་པའི་ཉི་ནུས་གློག་རྫས་སོགས་ཚུད་ཡོད། གསར་གཏོད་དེ་དག་གིས་མི་རྣམས་ཀྱི་འཚོ་བ་དང་ལས་ཀ ཐ་ན་ཕུགས་བསམ་སོགས་ལ་འགྱུར་བ་གཏོང་བཞིན་ཡོད།

图片33.jpg

གཅིག ཚོར་ཤེསAIལས་རོགསSiriདངAlexaལས་བརྒལ་བ།

ལོ་མང་བོའི་རིང་། SiriདངAlexa ཀུའུ་ཀོ་ལས་རོགས་པ་བཅས་སྟབས་བདེ་མོད། འོན་ཀྱང་ནམ་ཡང་མཁྲེགས་པའི་ཚོར་བ་འགེབས་དཀའ། དེང་སྐབས། རབས་གསར་བའི་ཚོར་ཤེསAIལས་རོགས་ཀྱིས་རྣམ་པ་དེར་འགྱུར་བ་གཏོང་བཞིན་ཡོད། དེ་དག་གིས་སྐད་གདངས་དང་རྣམ་འགྱུར། ཐ་ན་ཚིག་སྦྱོར་བཅས་ལ་བརྟེན་ནས་མིའི་རིགས་ཀྱི་སེམས་ཁམས་རྟོགས་ཐུབ་པ་དང་། སྤྱོད་མཁན་གྱི་སྐད་ཆའི་ཁྲོད་ཀྱི་གནོན་ཤུགས་ཚོར་རྗེས་དུས་ཐོག་ཏུ་ལྷོད་གཡེང་བྱེད་ཐབས་འོས་སྦྱོར་བྱེད་ཐུབ། གཞན་ཡང་ཁེ་ལས་ཀྱིས་དེ་དག་སྤྱད་དེ་ཚོང་མགྲོན་ལ་དེ་བས་དྲོད་ཁོལ་ལྡན་པའི་ཐུགས་ཁུར་འདོན་སྤྲོད་བྱས་ཆོག

དེ་བས་གླེང་རིན་ཡོད་པ་ནི། ཚོར་ཤེསAIརིམ་བཞིན"ཟླ་གྲོགས"ཀྱི་བརྟུལ་ཞུགས་བཟུང་ནས་མི་རྣམས་ཀྱི་འཚོ་བར་ཟབ་ཞུགས་བྱས་ཏེ། སེམས་ཁམས་བདེ་ཐང་ལ་རྒྱབ་སྐྱོར་དང་མི་སྒེར་གྱི་འཚར་ལོངས་མཛུབ་ཁྲིད་ཐད་གལ་ཆེའི་ནུས་པ་འདོན་བཞིན་ཡོད།

འཕྲུལ་ཆས་དེ་ལག་ཆ་ནས་ཟླ་གྲོགས་ངོ་མ་ཞིག་ཏུ་འགྱུར་བ་ནི། 2026ལོའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཆེས་ཡིད་དབང་འཕྲོག་པའི་ཐོད་རྒལ་ཞིག་ཏུ་བརྩིས་ཆོག

གཉིས། རབས་རྗེས་མའི་གྱོན་རུང་སྒྲིག་ཆས་ཀྱིས་ཚེ་སྲོག་སྲུང་སྐྱོབ་བྱེད་པ།

2020ལོའི་རིག་ནུས་ཆུ་ཚོད་ཀྱིས་གོམ་གྲངས་ལས་བརྩི་མི་ཐུབ་མོད། 2026ལོའི་གྱོན་རུང་སྒྲིག་ཆས་ནི་མི་རྣམས་ཀྱི"ཚེ་སྲོག་སྲུང་མཁན"དུ་འགྱུར་སྲིད།

རིག་ནུས་སྐྱི་པགས་སྦྱར་ལེབ་ཀྱིས་དུས་ཐོག་ཏུ་ཆུ་ཆ་དང་གནོན་ཤུགས་སྐུལ་རྩི། འཚོ་བཅུད་ཆུ་ཚད་བཅས་ལ་རྟོག་འཇལ་བྱེད་ཐུབ། AIལག་འདོགས་ཆུ་ཚོད་ཀྱིས་ཉིན་འགའི་སྔོན་དུ་སྙིང་ནད་ཀྱི་ཉེན་ཁ་སྔོན་བརྡ་གཏོང་ཐུབ། ཚེ་རིང་ཚན་རྩལ་ཀུང་སིས་སྒྲིག་ཆས་འདི་དག་སྤྱད་དེ་ཚེ་ཐག་ཇེ་རིང་དུ་གཏོང་བའི་བདེ་ཐང་ཇུས་གཞི་མངག་བཟོ་བྱེད་བཞིན་ཡོད།

གསར་གཏོད་འདི་དག་གིས་སྨན་བཅོས་བྱེད་སྟངས་ཏེ། "གཞན་དབང་གི་སྨན་བཅོས"ནས"རང་འགུལ་གྱི་སྔོན་འགོག"ཏུ་བསྒྱུར་ནས། བདེ་ཐང་དེ་ནད་རིགས་ཀྱི་སྔོན་ལ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད།

གསུམ། སླར་སྐྱེ་ནུས་ཁུངས་ཀྱི་མེ་ཏོག་རིམ་བཞིན་བཞད་པ།

སྔོན་ཆད། མུན་ནག་ནི་ཉི་ནུས་གློག་འདོན་གྱི་བརྒལ་དཀའ་བའི་འགོག་རྐྱེན་ཞིག་ཡིན་མོད། 2026ལོར་སླེབ་དུས་དཀའ་ངལ་དེ་ཐོད་རྒལ་བྱེད་ཐུབ་པའི་རེ་བ་ཤར་ཡོད།

མཚན་མོའི་ཉི་ནུས་གློག་རྫས་པང་ལེབ་གསར་བས་སའི་གོ་ལའི་དམར་ཕྱིའི་འགྱེད་འཕྲོ་འཛིན་ཐུབ་པས། འོད་མེད་ཁོར་ཡུག་ཏུ་མུ་མཐུད་དུ་གློག་མཁོ་འདོན་བྱེད་ཐུབ། དེ་དང་ཆབས་ཅིག་ལིས་མུ་ཟི་དང་སྲ་རྣམ་གློག་རྫས་ལག་རྩལ་འཕེལ་རྒྱས་བྱུང་བ་ཡིས་དེ་བས་ཡུན་རིང་དང་བདེ་འཇགས་ཀྱི་ནུས་ཚད་གསོག་འཇོག་བྱེད་ཐུབ་སྟེ། གློག་སྒུལ་རླངས་འཁོར་གྱི་རྒྱུན་མཐུད་ཡུན་དང་གཤིས་ནུས་མངོན་གསལ་གྱིས་ཇེ་མཐོར་གཏོང་ཐུབ་པར་མ་ཟད། འགྲིམ་འགྲུལ་མ་ལག་དེ་རྒྱུན་མཐུད་ངང་འབྱུང་འགྱུར་དུ་མགྱོགས་པོར་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ།

2026ལོ་ནི་འགྱུར་རྡོའི་ནུས་ཁུངས་གཙོ་ཁྲིད་ཀྱི་གནས་བབ་བསྒྱུར་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཏུ་འགྱུར་སྲིད།

图片22.jpg

བཞི། ཀླད་འཕྲུལ་སྦྲེལ་མཐུད་དེ་སྨན་བཅོས་ཀྱི་ངོ་མཚར་ནས་རྒྱུན་ལྡན་འཚོ་བར་ཞུགས་པ།

ཀླད་འཕྲུལ་སྦྲེལ་རྩལ་གྱིས་རྟོགས་པ་ཁོ་ནར་བརྟེན་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཐུབ་ཅིང་། དེ་ནི་ཚན་འཕྲུལ་གློག་བརྙན་ཁྲོད་ཀྱི་རྟོགས་འཆར་ཞིག་ག་ལ་ཡིན།

དེང་སྐབས་ཞ་བའི་ནད་པས་དྲན་འཆར་ལ་བརྟེན་ནས་ཐད་ཀར་ཕྱི་རོལ་གྱི་སྒྲིག་ཆས་ཚོད་འཛིན་བྱེད་ཐུབ་ལ། ལས་ཕྱོད་དོན་གཉེར་བྱེད་པའི་མི་ཚོགས་ཀྱིས་དུས་ཐོག་གཞི་གྲངས་ལེན་པར་བརྟེན་ནས་ལས་ཀའི་ལས་ཕྱོད་ཇེ་མཐོར་གཏོང་བ་དང་། གསར་གཏོད་ཚོགས་པས་སྒྲིག་ཆས་བར་གྱི"སེམས་ཁམས་ཚོར་ཤེས"རྣམ་པའི་སྤེལ་རེས་འཚོལ་ཞིབ་བྱེད་བཞིན་ཡོད།

2026ལོར་ཀླད་འཕྲུལ་སྦྲེལ་མཐུད་དེ་རྐང་ལག་དོད་ཚབ་ཚོད་འཛིན་དང་བདེ་ཐང་སྨན་བཅོས། ཐ་ན་དོན་དངོས་ཀྱི་ཉམས་ལེན་ཇེ་ཆེར་གཏོང་བ་སོགས་ཁྱབ་ཁོངས་སུ་ཐོག་མར་བཀོལ་སྤྱོད་བྱ་རྒྱུ་ཡིན་པར་མ་ཟད། དེ་ནི་སྨན་བཅོས་ཀྱི་ངོ་མཚར་ཙམ་མ་ཡིན་པར་རྒྱུན་ལྡན་གྱི་འཚོ་བར་ཞུགས་ཏེ། འཛད་སྤྱོད་ཚན་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་སྲིད།

ལྔ། མཁའ་དབྱིངས་གོང་མའི་དཔལ་འབྱོར་ལ་སྐྱ་རེངས་གསར་བ་འཆར་བ།

2026ལོར་ཉེན་མཆོང་གི་འདུ་ཤེས་ལྡན་པའི་འཚོལ་ཞིབ་པར་མཁའ་དབྱིངས་ཀྱི་སྒོ་གླེགས་འབྱེད་བཞིན་ཡོད་པ་དང་། ཨེ་ཤ་ཡའི་འཁོར་ལམ་འཕུར་སྐྱོད་ཀྱི་འཛིན་བྱང་གི་རིན་གོང་ཨ་སྒོར་ཁྲི10ཡི་མན་དུ་ཆག་ཡོད། ཁེ་ལས་མང་བོས་ལྗིད་ཤུགས་མེད་པའི་འཁོར་ལམ་མགྲོན་ཁང་གྲ་སྒྲིག་བྱས་ནས་གཟའ་མཇུག་གི་ངལ་གསོ་ལ་ཉམས་ལེན་གསར་བ་བྱེད་མགོ་བརྩམས། མཁའ་དབྱིངས་གཏེར་འདོན་གསར་གཏོད་ཀུང་སིས་རྒྱུ་སྐར་ཆུང་བ་དེ་རབས་གསར་བའི"གསེར་འདོན་ཚ་རླབས"སུ་བརྩི་བཞིན་ཡོད།

འདི་དག་ཐམས་ཅད་ལས་མཁའ་དབྱིངས་དཔལ་འབྱོར་ལ་སྐྱ་རེངས་གསར་བ་འཆར་བཞིན་ཡོད་པ་མཚོན།

དྲུག AIཡིས་སྒེར་གཤིས་ཅན་གྱི་སློབ་གསོ་ལ་སྐུལ་འདེད་གཏོང་བ།

AIསློབ་དཔོན་ཁུ་སིམ་པོར་སློབ་ཁྲིད་དུ་ཞུགས་ནས། གདོད་མའི་སློབ་ཁྲིད་དང་ཁ་བྲལ་བའི་དུས་རབས་སུ་བསླེབས།

སློབ་ཚན་གྱིས་དུས་ཐོག་ཏུ་སློབ་མ་སོ་སོའི་སློབ་སྦྱོང་གི་ཁྱད་ཆོས་ལ་འཚམ་པར་བྱས་ཏེ་བྱིས་པ་ཚོས་སྒེར་གཤིས་ཅན་གྱི་ལྡོག་འདྲི་བརྒྱུད་སློབ་སྦྱོང་གི་སྤྲོ་སེམས་རྒྱུན་འཁྱོངས་བྱེད་པ་དང་། མི་དར་མས་ཀྱང་ལག་ཆ་གཅིག་མཚུངས་ལ་བརྟེན་ནས་ལས་རིགས་གཞན་སྒྱུར་དང་རྩལ་ནུས་མཐོར་འདེགས་གཏོང་བཞིན་ཡོད།

འགྱུར་ལྡོག་འདིས་སློབ་གསོའི་རྣམ་པ་བསྐྱར་དུ་བཟོས་པར་མ་ཟད། སྤྱི་ཚོགས་ཀྱིས་ཐོན་ལས་འཕོ་འགྱུར་ལ་གདོང་གཏོད་པའི་གོམ་སྟབས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད།

33.jpg

བདུན། ཚད་རྡུལ་རྩིས་རྒྱག་གོ་ཆོད་ཅན་གྱི་ཕྱོགས་སུ་སྐྱོད་པ།

ཚད་རྡུལ་རྩིས་རྒྱག་ནི་སྤྱིར་བཏང་དུ་རྒྱང་ཐག་རིང་བའི་ཐ་སྙད་ཅིག་ཏུ་རྩི། འོན་ཀྱང་། 2026ལོར་དེས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྟོབས་ཤུགས་བཏོན་ནས། མིག་སྔའི་རྩིས་འཁོར་རྩེ་གྲའི་ཐག་གཅོད་ནུས་པ་ལས་བརྒལ་བའི་རྙོག་འཛིང་ཆེ་བའི་དཀའ་གནད་ཕལ་ཆེར་ཐག་གཅོད་བྱེད་སྲིད། སྨན་བཟོ་ཁེ་ལས་ཀྱིས་ཚད་རྡུལ་རྩིས་འཁོར་ལ་བརྟེན་ནས་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་དུས་ཡུན་ལོ་ཁ་ཤས་ནས་ཟླ་བ་ཁ་ཤས་བར་ཇེ་ཐུང་དུ་གཏང་རྒྱུ་དང་། མཁོ་སྤྲོད་སྦྲེལ་ཐག་གིས་ཚད་རྡུལ་རྩི་ཐབས་བརྒྱུད་གནད་ཕིགས་ལེགས་སྒྱུར་མངོན་འགྱུར་བྱུང་སྟེ་མ་གནས་འབོར་ཆེན་གྲོན་ཆུང་བྱེད་སྲིད་ཅིང་། ནམ་ཟླ་ཞིབ་འཇུག་གི་ཚན་རིག་པས་སྔོན་ཆད་འགྲུབ་མི་ཐུབ་པའི་རྙོག་འཛིང་ཆེ་བའི་དཔེ་དབྱིབས་འཁོར་སྐྱོད་བྱེད་སྲིད།

འདིར་གཞུང་ལུགས་ཚན་རིག་དང་དངོས་ཡོད་འཕོ་འགྱུར་གཉིས་དངོས་སུ་ཕྲད་ཡོད།

བརྒྱད། AIདང་ཟོག་སྦྲེལ་དྲ་བས་ཐུན་མོང་སྒོས་ཤེས་རིག་གྲོང་ཁྱེར་སྐྲུན་པ།

2026ལོར་གྲོང་ཁྱེར་སྔར་ལས་རིག་ནུས་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད། AIའགྲིམ་འགྲུལ་མ་ལག་གིས་བགྲོད་ལམ་གྱི་ཁེགས་ཚད་ནུས་ལྡན་ངང་མར་ཆག་ཏུ་འཇུག་པ་དང་། ཟོག་སྦྲེལ་དྲ་བའི་གད་སྙིགས་སྒམ་དེ་གང་ལ་ཉེ་བའི་སྐབས་སུ་རང་འགུལ་ངང་གཙང་འདྲེན་གྱི་དྲན་སྐུལ་གཏོང་བ། སྔོན་དཔག་རང་བཞིན་གྱི་བདེ་སྐྱོང་ཉེན་ཟོན་མ་ལག་གིས་དོན་རྐྱེན་མ་བྱུང་གོང་དུས་ཐོག་ཏུ་ཉེན་བརྡ་གཏོང་ཐུབ།

མཐའ་མར་དེ་དག་ཐམས་ཅད་གཅིག་ཏུ་འཛོམས་ནས་སྔར་ལས་གཙང་བ་དང་། སྔར་ལས་བདེ་འཇགས་ཡིན་པ། སྔར་ལས་ཕྱོད་ཆེ་བའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཐུབ།

དགུ། འཕྲུལ་མིའི་ལག་རྩལ་གང་སར་ཁྱབ་པར་འགྱུར་བ།

འཕྲུལ་མི་ནི་བཟོ་གྲྭའི་ཆེད་སྤྱོད་ལག་ཆ་ཁོ་ན་མིན།

2026ལོར། དེ་ཚོ་ཁྱིམ་ཚང་དང་། ཟ་ཁང་། ལས་གནས་སྣ་ཚོགས་སུ་བསྐྱོད་རྒྱུ་རེད། གཡོས་སྦྱོར་འཕྲུལ་མིས་ཟ་ཁང་གི་ཆུ་ཚད་དང་འཚམ་པའི་ཟས་མཆོག་བསྐོལ་བ་དང་། འཛུགས་སྐྲུན་འཕྲུལ་མིས་སྔར་ལས་ཕྱོད་ཆེ་དང་བདེ་འཇགས་ཀྱི་རྣམ་པའི་འོག་ཁང་བ་བསྐྲུན་པ། མི་སྒེར་གྱི་ནད་གཡོག་འཕྲུལ་མིས་རྒན་པར་བདག་སྐྱོང་བྱེད་པའི་རྣམ་པ་བསྐྱར་དུ་བཟོ།

མ་གནས་རྒྱུན་མཐུད་ངང་མར་ཆག་པ་དངAIརྒྱུན་ཆད་མེད་པར་འཕེལ་འགྱུར་བྱུང་བ་དང་ཆབས་ཅིག འཕྲུལ་མི་ནི་རྒྱུན་ལྡན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་བཞིན་ཡོད།

བཅུ། སྐྱེ་དངོས་པར་འདེབས་ཡར་རྒྱས་སུ་འགྲོ་བ།

2026ལོར་སྐྱེ་དངོས་པར་འདེབས་ཀྱི་ཁྱབ་ཁོངས་དེ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་འགྲོ་བའི་རེ་བ་ལྡན།

ལག་རྩལ་དེས་ནད་ཀྱི་དཔེ་དབྱིབས་འཛུགས་པ་དང་། སྒེར་གཤིས་ཅན་གྱི་སྨན་བཅོས་དང་སླར་སྐྱེ་བཅོས་ཐབས་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། ད་དུང་སྨན་སྣ་གསར་བའི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མངོན་གསལ་སྒོས་ཇེ་མགྱོགས་སུ་གཏོང་ཐུབ། མིག་སྔར། ཚོད་ལྟ་ཁང་གིས་དབང་བོ་ཆུང་གྲས་ངོ་མ་དང་འདྲ་བ་ཞིག་དཔར་ཐུབ་པ་དང་། ཐོག་མའི་ནད་ཐོག་ཞིབ་འཇུག་གིས་དེ་སྤོ་འཛུགས་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད། མ་འོངས་པའི་ལོ་བཅུའི་ནང་། དུས་ཡུན་རིང་བོར་དབང་བོ་ཞལ་འདེབས་ལ་སྒུག་པའི་མིང་ཐོ་དེ་མེད་པར་འགྱུར་སྲིད་པ་དང་། ཚན་རིག་པས་ཐ་ན་ལག་རྩལ་དེར་བརྟེན་ནས་མིས་བཟོས་ཤ་གསོ་སྤེལ་བྱས་ཏེ། མ་འོངས་པར་འབྱུང་སྲིད་པའི་འབྲུ་རིགས་ཉམས་ཉེན་ཡང་བསལ་རྒྱུ་རེད།


མཉམ་སྤྱོད།